ཨི་སི་རལ་གྱི་སྲིད་བློན་བྷེན་ཇཱ་མིན་ནེ་ཐན་ཡ་ཧུས། གལ་ཏེ་སྤྱི་ཟླ་༢ པའི་ཚེས་༡༥ སྟེ་རེས་གཟའ་སྤེན་པའི་བར་དུ་ཧ་མ་སིས་མི་གཏའ་འཕར་མ་དེ་ཚོ་གློད་བཀྲོལ་མ་བཏང་ཚེ། ཕྱོགས་གཉིས་བར་གྱི་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་དེ་མཚམས་འཇོག་བྱ་རྒྱུ་དང་། གྷ་ཛའི་ས་ཁུལ་དུ་སླར་ཡང་དྲག་པོའི་འཐབ་འཛིང་འགོ་འཛུགས་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག གཞན་ཡང་རེས་གཟའ་མིག་དམར་ཉིན་ལ་ནེ་ཐ་ཡ་ཧུས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཧ་མ་སི་དྲག་སྤྱོད་རྩ་འཛུགས་དེ་རྩ་གཏོར་བཏང་མ་ཚར་བར་དུ་ཨི་སི་རལ་དམག་དཔུང་གིས་དྲག་པོ་འཐབ་འཛིང་མུ་མཐུད་ནས་སྤེལ་རྒྱུ་ཡིན་ཞེས་བརྗོད་འདུག
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རེས་གཟའ་ཟླ་བའི་ཉིན་ལ། གལ་ཏེ་གཟའ་སྤེན་པའི་སྔོན་ལ་ཧ་མ་སིས་མི་གཏའ་ཡོད་ཚད་གློད་བཀྲོལ་མ་བཏང་ན། ཨི་སི་རལ་དང་ཧ་མ་སིའི་བར་གྱི་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་མེད་པར་བཟོ་རྒྱུའི་ཉེན་བརྡ་དང་གསལ་བསྒྲགས་སྤེལ་ཡོད་པ་རེད། དེའི་སྔོན་ཙམ་ལ་ཧ་མ་སིས་ཨི་སི་རལ་གྱིས་གྲོས་མཐུན་དང་འགལ་ཡོད་པར་སྐྱོན་བརྗོད་བྱས་ཏེ་མ་གཞི་གཟའ་སྤེན་པར་མི་གཏའ་གསུམ་གློད་གྲོལ་གཏང་རྒྱུའི་འཆར་གཞི་དེ་ཕྱིར་འགྱངས་བྱ་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་དང་། གཟའ་མིག་དམར་ཉིན་ལ་ཧ་མ་སིའི་དཔོན་རིགས་ཀྱིས་མི་གཏའ་གློད་བཀྲོལ་ཡོང་དགོས་ན་ཐབས་ཤེས་གཅིག་རང་ཡོད་པ་དེ་ནི་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ལ་ཕྱོགས་ཚང་མས་བརྩི་འཇོག་བྱ་རྒྱུ་དེ་རེད་ཅེས་བརྗོད་འདུག
གཞན་ཡང་འདིའི་ཚེས་༡༢ ཉིན་ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཨ་ཧ་མཱད་ཨ་བྷུལ་གྷེ་ཊི་ཡིས་པ་ལེ་སི་ཐན་བ་ཚོ་གྷ་ཛ་ས་ཁུལ་ནས་གནས་སྤོ་བྱེད་པའི་འཆར་གཞི་གང་རུང་ལ་ཁས་མ་བླངས་པ་དང་། འཛམ་གླིང་དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་ཨ་བྷུལ་གྷེ་ཊི་ཡིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དམག་འཁྲུག་གིས་གཏོར་བརླག་བཏང་ཟིན་པའི་གྷ་ཛ་ནས་པ་ལེ་སི་ཐན་བ་ས་ཡ་གཉིས་ཙམ་གནས་སྤོ་བྱེད་འཇུག་རྒྱུའི་གྲོས་འཆར་དེས་ས་ཁུལ་དེའི་ཞི་བདེ་དང་བརྟན་ལྷིང་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་པ་མ་ཟད། ཁུལ་དེའི་ནང་ཁོར་ཡུག་ངན་པ་ཞིག་ཆགས་འཇུག་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག
གླེང་སྟེགས།