༄༅།། སྲིད་འཛིན་ཊམ་ནས་འཇོར་ཌན་དང་ཨི་ཇེབ་གཉིས་ཀྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་མ་བླངས་ན་ཨ་མི་རི་ཀས་རྒྱལ་ཁབ་དེ་དག་ལ་རོགས་དངུལ་གཅོད་སྲིད་ཅེས་སྡིགས་ར་བསྐུལ། ཕྱི་ཟླ་༢་པའི་ཚེས་༡༠་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཌོ་ནལ་ཊམ་གྱིས་གཟའ་སྤེན་པའི་ཆུ་ཚོད་༡༢་པའི་སྔོན་དུ་ཧ་མ་ཤི་ཤོག་ཁག་གིས་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་མ་བཏང་ན་དམྱལ་བ་མྱོང་དུ་འཇུག་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས། གསར་འགོད་པ་ཚོས་ཧ་མ་སི་ཤོག་ཁག་ལ་དགྲ་ལན་བསློག་རྒྱུ་ཡིན་ནམ་ཞེས་དྲིས། སྲིད་འཛིན་ཊམ་གྱིས་ཁྱེད་ཚོས་རིམ་གྱིས་ཤེས་ཀྱི་རེད། ཁོ་ཚོས་ཤེས་ཀྱི་རེད། ངས་ཅི་ཞིག་ཟེར་གྱི་ཡོད་པ་དེ་ཧ་མ་སི་ཤོག་ཁག་གིས་ཤེས་ཀྱི་རེད་ཅེས་ལན་གླན། གཟའ་ཟླ་བའི་སྔ་དྲོར་ཧ་མ་སི་ཤོག་ཁག་གིས་གཟའ་སྤེན་པར་ཨི་སི་རལ་གྱི་མི་གཏའ་བཙན་ཉར་བྱས་ཡོད་པ་གསུམ་གློད་གྲོལ་གཏང་རྒྱུའི་ཐག་གཅོད་བྱས་པ་ཕྱིར་འགྱངས་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ།།
ཧ་མ་སི་ཤོག་ཁག་གིས་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་གཏང་རྒྱུ་ཕྱིར་འགྱངས་བྱས་དོན་ནི་ཨི་སི་རལ་གྱིས་གྷ་ཛ་ཐང་གཤོངས་སུ་མེ་སྒྱོགས་བརྒྱབ་ནས་སྐྱོབ་གསོ་འདང་ངེས་ཤིག་སྐྱེལ་འདྲེན་བྱེད་དུ་མ་བཅུག་པར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ལ་འགལ་འཛོལ་བྱས་སོང་ཞེས་རྒྱུ་མཚན་བགྲངས། བདུན་ཕྲག་སྔོན་མར་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་གྷ་ཛ་ཐང་གཤོངས་བླངས་ནས་བདག་པོ་རྒྱག་ཆོག་ཅེས་བཤད་ཡོད་ཅིང་། ཁ་སང་ཕྱི་དྲོར་ཧྥོཀ་སི་གསར་ཁང་གིས་ཌོ་ནལ་ཊམ་ལ་ཨ་མི་རི་ཀས་གྷ་ཛ་ལེན་རྒྱུ་ཡིན་ཟེར་པའི་གོ་དོན་སོགས་ལ་བཅར་འདྲི་ཞུས། ཌོ་ནལ་ཊམ་གྱིས་ང་ཚོས་གྷ་ཛ་བླངས་ནས་ས་ཁང་ཚོང་ལས་གཉེར་དགོས། དེ་ནི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད་ཅེས་ལན་བཏབ། གསར་འགོད་པས་པ་ལི་སི་ཐན་བ་ཚོ་གྷ་ཛར་ཕྱིར་ལོག་བྱེད་ཆོག་གམ་ཞེས་དྲིས་པར་ཕྱིར་ལོག་བྱེད་ཆོག་གི་མ་རེད། ཁོ་ཚོར་སྔར་ལས་ལྷག་པའི་ཁྱིམ་གཞིས་ཤིག་འཐོབ་ཀྱི་རེད། ངས་ཁོ་ཚོར་གཏན་དུ་གནས་སྡོད་བྱ་ཡུལ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཀྲལ།།
ཕྱི་ཟླ་༢་པའི་ཚེས་༡༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་རྣམས་གཏན་དུ་མཐར་སྐྲོད་གཏོང་རྒྱུའི་འཆར་གཞི་དེར་ཨ་རབ་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་དང་ངོ་རྒོལ་དྲག་པོ་བྱུང་། དེ་རིང་གཟའ་མིག་དམར་ཉིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་འཇོར་ཌན་གྱི་རྒྱལ་པོ་ཨབ་རྡུ་ལ་གཉིས་པར་ཐུག་འཕྲད་གྲོས་མོལ་བྱས། འཇོར་ཌན་དང་ཨི་ཇེབ་གཉིས་ཀས་པ་ལི་སི་ཐན་བ་ས་ཡ་མང་པོ་བླངས་ན་རང་ཡུལ་དུ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་ཤས་ཆེ། ཨི་སི་རལ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས་པའི་ལངས་ཕྱོགས་བསྐྱར་དུ་བཟློས། ཌོ་ནལ་ཊམ་གྱིས་རྒྱལ་པོ་ཨབ་རྡུ་ལ་མི་བཟང་པོ་རེད། ཁོང་གིས་པ་ལི་སི་ཐན་བ་ཚོ་ལེན་རྒྱུ་རེད་བསམ་གྱི་འདུག རྒྱལ་ཁབ་གཞན་ཁག་གིས་ཀྱང་ལེན་ངེས་རེད། ཁོ་ཚོ་སེམས་པ་བཟང་པོ་ཡོད་པ་རེད་ཅེས་བཤད་པའི་ཞོར་དུ་འཇོར་ཌན་དང་ཨི་ཇེབ་གཉིས་ལ་ཨ་མི་རི་ཀས་རོགས་དངུལ་གཅོད་སྲིད་པའི་བརྡ་ཞིག་བཏང་འདུག
༢༠༢༢་ལོར་ཨ་རི་དང་འཇོར་ཌན་གཉིས་ཀྱི་གྲོས་མཐུན་བཞག་ནས་ཨ་མི་རི་ཀས་ལོ་ལྟར་འཇོར་ཌན་ལ་ཨ་སྒོར་དུང་ཕྱུར་༡༠་རེ་དམག་དོན་རོགས་དངུལ་སྤྲོད་རྒྱུའི་ཐག་བཅད། དེ་བཞིན་ཨི་ཇེབ་ལའང་ལོ་ལྟར་ཨ་སྒོར་དུང་ཕྱུར་༡༥་རེ་དམག་དོན་རོགས་དངུལ་སྤྲད། འཇོར་ཌན་གྱི་ས་ཐོག་ཏུ་པ་ལི་སི་ཐན་བ་ས་ཡ་༣་ལྷག་ཡོད་པར་མ་ཟད། སི་རི་ཡའི་ས་ཐོག་ཏུ་པ་ལི་སི་ཐན་བ་འབུམ་༦་མ་ཟིན་དང་ལེ་བྷ་ནན་དུ་པ་ལི་སི་ཐན་འབུམ་༥་ཡས་མས་ཤིག་ཡོད་པ་ཡིག་ཆ་ཁག་ཏུ་འཁོད། ཨི་ཇེབ་ཏུ་པ་ལི་སི་ཐན་བ་མང་པོ་མེད་ཀྱང་སྐྱབས་བཅོལ་བ་ཚོ་ཡོང་དུ་བཅུག་ན་གཏན་དུ་གཞིས་ཆགས་ནས་ལོག་གི་མ་རེད་བསམས། དེར་བརྟེན་ཨི་ཇེབ་གཞུང་གིས་པ་ལི་སི་ཐན་བ་ཚོ་ལེན་རྒྱུར་མ་འཐད། ཟླ་བ་འདིའི་ཚེས་༢༧་ཉིན་ཨ་རབ་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་ནས་ཌོ་ནལ་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་གནས་སྤོ་བྱེད་དུ་འཇུག་འདོད་ཡོད་པར་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྲོས་སྡུར་བྱ་རྒྱུའི་གནས་ཚུལ་ཐོན་འདུག
༢༠༢༣་ལོའི་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གློ་བུར་དུ་རྒོལ་རྡུང་བྱས་ནས་དམག་འཁྲུག་བསླངས། འདས་པའི་ལོ་གཅིག་དང་ཟླ་བ་༣་ལྷག་ལ་ཨི་སི་རལ་གྱིས་གྷ་ཛ་དང་ནུབ་འགྲམ་དུ་དཔུང་འཇུག་བྱས་ནས་པ་ལི་སི་ཐན་བ་ཁྲི་ཚོ་༥་མ་ཟིན་ཙམ་ཞིག་བསད། མི་ས་ཡ་མང་པོ་རང་ཁྱིམ་ནས་བསྐྲད། ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་མེ་འཕེན་མཚམས་འཇོག་དང་གྷ་ཛ་ཐང་གཤོངས་སུ་སྐྱོབ་གསོ་སྐྱེལ་འདྲེན། མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་གཏང་རྒྱུའི་གྲོས་མཐུན་བཞག་ཀྱང་ཌོ་ནལ་ཊམ་གྱིས་གྷ་ཛ་ལེན་རྒྱུའི་གཏམ་བཤད་བྱས་ནས་གྲོས་མཐུན་དེར་འཁྲུག་ཆ་ཆེན་པོ་ཞིག་ཐེབས། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་དང་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་སྲིད་འཛིན་ཊམ་ནས་གྷ་ཛའི་པ་ལི་སི་ཐན་བ་ཚོ་གནས་སྐབས་རིང་ས་གནས་གཞན་དུ་སྤོ་དགོས་པའི་གྲོས་གཞི་བཏོན་པ་རེད། ད་ལྟའི་ས་རྡོའི་འོག་ཏུ་པ་ལི་སི་ཐན་བ་ཚོ་གྷ་ཛ་ཐང་གཤོངས་སུ་འཚོ་གནས་མི་ཐུབ་པ་ཤེས་གསལ་རེད་ཅེས་བཀྲལ།།
བདུན་ཕྲག་སྔོན་མར་སྲིད་འཛིན་ཊམ་གྱིས་ཨ་མི་རི་ཀས་དམག་མི་བཏང་ནས་གྷ་ཛ་ལེན་མི་སྲིད་པ་མིན། གྷ་ཛ་བསྐྱར་དུ་འཛུགས་སྐྲུན་གྱི་འགྲོ་གྲོན་ཆ་ཚང་ཨ་མི་རི་ཀས་གཏང་ཆོག་ཅེས་ཁ་གསངས། ཁ་སང་གཟའ་ཟླ་བའི་ཉིན་ཨི་ཇེབ་གཞུང་གིས་གྷ་ཛ་དང་ནུབ་འགྲམ་གྱི་པ་ལི་སི་ཐན་བ་ཚོ་ལེན་རྒྱུ་མིན། པ་ལི་སི་ཐན་བ་ཚོ་རང་ཁྱིམ་ནས་བཙན་གྱིས་མཐར་སྐྲོད་བཏང་ན་དཀྱིལ་ཤར་ས་ཁུལ་དུ་ཟིང་འཁྲུག་ཆེན་པོ་ལང་གི་རེད་ཅེས་ནན་གྱིས་བརྗོད། ཨི་ཇེབ་ཀྱི་ཕྱི་སྲིད་ལྷན་ཁང་གིས་དཀྱིལ་ཤར་ས་ཁུལ་ལ་གཏན་དུ་གནས་པའི་ཞི་བདེ་ཞིག་བསྐྲུན་པར་ཤར་ཇཱེ་རུ་ས་ལམ་རྒྱལ་སར་གྱུར་པའི་པ་ལི་སི་ཐང་རང་བཙན་རྒྱལ་ཁབ་ཅིག་འཛུགས་དགོས། པ་ལི་སི་ཐན་མི་དམངས་ལ་རང་ཐག་རང་གཅོད་དང་རང་བཙན་གྱི་ཐོབ་ཐང་ཡོད་པར་རྡོག་བརྫིས་གང་འདྲ་ཞིག་ཐེབས་ཀྱང་ཨི་ཇེབ་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ༡༩༤༨་ལོའི་དམག་འཁྲུག་སྐབས་སུ་ཕྱིར་ཕུད་བྱས་པའི་པ་ལི་སི་ཐན་བ་ཚོ་སྔོན་མའི་རང་ཁྱིམ་དུ་ཕྱིར་ལོག་བྱེད་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཞེས་གསར་འགོད་བསྒྲགས་སྤེལ་འདུག
ཧ་མ་སི་ཤོག་ཁག་གི་མཐོ་རིམ་ལས་སྣེ་ཨི་ཛ་ཏ་ཨལ་རི་ཤ་ཀ་(Izzat al-Rishq)་ཞེས་པ་ཞིག་ནས་ཌོ་ནལ་ཊམ་གྱིས་གྷ་ཛ་ལེན་རྒྱུ་ཡིན་ཟེར་གྱི་ཡོད་པ་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་རེད། དེ་ནི་པ་ལི་སི་ཐན་དང་དཀྱིལ་ཤར་ས་ཁུལ་ལ་རྒྱུས་མངའ་མེད་པའི་རྟགས་མཚན་རེད། ཌོ་ནལ་ཊམ་གྱིས་པ་ལི་སི་ཐན་ལ་འཛིན་པའི་སྲིད་ཇུས་དེར་གྲུབ་འབྲས་ནམ་ཡང་ཐོན་མི་སྲིད། པ་ལི་སི་ཐན་གྱི་རྩ་དོན་དེ་ས་ཁང་ཚོང་ལས་ཀྱི་འདུ་ཤེས་བཅངས་ནས་ཐག་གཅོད་མི་ཐུབ། པ་ལི་སི་ཐན་མི་དམངས་ཀྱིས་གནས་སྤོ་དང་མཐར་སྐྲོད་ཀྱི་རིགས་མཐའ་དག་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཌོ་ནལ་ཊམ་གྱི་འཆར་གཞི་དེར་དགག་པ་བརྒྱབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གུ་ཊེ་རེ་སིས་(Antonio Guterres)་ང་ཚོས་ངེས་པར་དུ་གྷ་ཛའི་དྲག་ཟིང་བསྐྱར་ཟློས་མི་འབྱུང་བའི་འབད་བརྩོན་བྱ་དགོས། ཧ་མ་སི་ཤོག་ཁག་གིས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ལྟར་མི་གཏའ་བཙན་ཉར་བྱས་ཡོད་པ་རྣམས་གློད་གྲོལ་ཐོངས་ཞེས་ནན་བརྗོད་བྱས་འདུག
༡༩༤༨་ལོར་ཨི་སི་རལ་གསར་དུ་བཙུགས་ནས་པ་ལི་སི་ཐན་བ་འབུམ་༧་རང་ཁྱིམ་ནས་བསྐྲད། པ་ལི་སི་ཐན་བ་ཚོས་དེ་ལ་ནཀ་བྷའམ། ཆག་སྒོའི་ཉིན་མོ་ཞེས་འབོད། ༡༩༦༧་ལོར་ཨི་སི་རལ་དང་ཨ་རབ་རྒྱལ་ཁབ་ཁག་གིས་དམག་འཁྲུག་བརྒྱབ་ནས་ཨི་སི་རལ་གྱིས་གྷ་ཛ་དང་ནུབ་འགྲམ་སོགས་བླངས། པ་ལི་སི་ཐན་བ་འབུམ་༣་ལྷག་འཇོར་ཌན་ལ་བྲོས། ད་ལྟ་པ་ལི་སི་ཐན་བ་ས་ཡ་༦་ཙམ་གྷ་ཛ་དང་ནུབ་འགྲམ། སི་རི་ཡ་དང་ལེ་བྷ་ནན། འཇོར་ཌན་བཅས་སུ་ཁྱིམ་གཞིས་ཆགས། པ་ལི་སི་ཐན་བ་མང་པོ་ཞིག་ཏ་ཟིག་མཚོ་ཁུག་གི་རྒྱལ་ཁབ་ཁག་དང་ཨ་རབ་རྒྱལ་ཁབ་ཁག ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་བསྐྱོད་ནས་འཚོ་བ་གསར་པ་ཞིག་ཚུགས། ཨི་སི་རལ་གྱིས་༡༩༤༨་ལོར་བསྐྲད་པའི་པ་ལི་སི་ཐན་བ་ཚོ་རང་ཁྱིམ་ལ་ཕྱིར་ལོག་བྱེད་མི་ཆོག པ་ལི་སི་ཐན་བ་ཚོར་རང་ཡུལ་དུ་ཕྱིར་ལོག་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་ལངས་ཕྱོགས་མཁྲེགས་པོ་བཟུང་། ཨི་ཇེབ་གཞུང་ནས་སྲིད་འཛིན་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་གནས་སྤོ་བྱོས་ཟེར་གྱི་ཡོད་པ་ནི་༡༩༤༨་ལོའི་ཆག་སྒོ་དེ་བསྐྱར་ཟློས་འབྱུང་དུ་འཇུག་གི་ཡོད་པ་དང་གཅིག་མཚུངས་རེད་ཅེས་སྐྱོན་བརྗོད་བྱས་འདུག
གླེང་སྟེགས།