དཔལ་འབྱོར་ཉམས་ཆག་འགྲོ་བཞིན་པའི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་སུ་གཞོན་སྐྱེས་ཚོའི་འཛད་སྤྱོད་བྱེད་སྟངས་དང་སེམས་ཁམས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དང་། དེ་བཞིན་དཔྱིད་གསར་དུས་ཆེན་གྱི་གཞུང་འབྲེལ་དགོང་ཚོགས་ལ་ཆབ་སྲིད་ཀྱི་ཤན་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད།
ཨེ་ཤེ་ཡའི་རྒྱལ་ཁབ་མང་པོས་སྲུང་བརྩི་ཞུ་སྲོལ་ཡོད་པའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ། རྒྱ་ནག་གིས་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཞེས་པ་ཞིག་འཚོགས་སྲོལ་ཡོད་པ་དེ་ནི་སྤྱི་ལོ་༡༩༨༣ ལོར་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཐོག་མར་གོ་སྒྲིག་བྱསས་ཏེ། ད་བར་མི་ལོ་༤༢ འགྲོ་བཞིན་ཡོད་པ་དང་། ལོ་རྙིང་པ་ཕར་སྐྱེལ་ཏེ་ལོ་གསར་པ་ཚུར་བསུ་བའི་དུས་ཚོད་དེར་རྒྱ་ནག་གི་མི་ཚོ་ནང་མི་ལྷན་འཛོམས་ཀྱིས་ལོ་གསར་གྱི་དགོང་ཚོགས་ལ་མཉམ་རོལ་བྱེད་སྲོལ་ཡོད་ཀྱང་། དོན་དངོས་ཐོག་ལོ་གསར་གྱི་དགོང་ཚོགས་དེ་ནི་རྒྱ་ནག་གཞུང་གིས་ཐད་ཀར་སྟངས་འཛིན་བྱེད་ཅིང་ཆབ་སྲིད་ཀྱི་དམིགས་ཡུལ་ཆེན་པོ་ཡོད་པའི་འཁྲབ་སྟོན་ཞིག་ཡིན་པ་དང་། གཙོ་བོ་རྒྱ་ནག་ནང་གི་མི་དམངས་དང་དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱ་མི་གཙོ་བོར་གྱུར་བའི་འབྲེལ་ཡོད་མི་རྣམས་ལ། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་གྱི་ཆབ་སྲིད་ལྟ་བ་ཁྱབ་སྤེལ་གཏོང་སའི་སྡིངས་ཆ་ཞིག་ཡིན་པ་རེད།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ཚད་ཇེ་དལ་དུ་ཕྱིན་པ་དང་བསྟུན་ནས། ༢༠༢༥ ལོའི་དཔྱིད་གསར་དུས་ཆེན་སྐབས་ལ་རྣམ་པ་མ་འདྲ་བ་འགའ་ཤས་མངོན་ཡོང་གི་ཡོད་པ་དང་། དཔེར་ན་རྒྱ་ནག་གི་ན་གཞོན་མང་པོས་ལོ་གསར་གྱི་འགྲོ་སོང་ལ་བསྐྱར་ཞིབ་བྱེད་འགོ་ཚུགས་ཏེ། མི་དགོས་པའི་འགྲོ་གྲོན་ཉུང་དུ་གཏོང་བ་དང་། དངོས་ཡོད་དང་སྟབས་བདེ་བའི་ཐབས་ལམ་བརྒྱུད་ནས་ལོ་གསར་བསུ་བཞིན་པ་རེད། གཞན་ཡང་འཕྲུལ་རིག་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། དེང་སང་གི་ལོ་གསར་དགོང་ཚོགས་ཀྱི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ཀྱང་། གཞི་རྩའི་སྒྲོམ་གཞི་དང་། དྲིལ་བསྒྲགས་ཀྱི་དམིགས་ཡུལ། གཞུང་གི་མངོན་འདོད་དེ་ཚོ་ལ་འགྱུར་བ་ཕྱིན་མེད་པ་མ་ཟད། ཆབ་སྲིད་ཀྱི་ཤན་ཞུགས་དང་སྟངས་འཛིན་ཇེ་ཆེར་ཕྱིན་ཏེ། ལས་རིམ་མང་ཆེ་བ་ནི་སྒྱུ་རྩལ་གྱི་བྲོ་བ་གཏན་ནས་མེད་པའི་ཆབ་སྲིད་ཀྱི་སློབ་གསོ་བྱེད་སྟངས་ཤིག་ཏུ་གྱུར་ཐོག་མི་མང་པོ་ཞིག་དང་ཡང་སྒོ་གཞོན་སྐྱེས་ཚོའི་ཡིད་སེམས་འགུག་ཐུབ་ཀྱི་མེད་པ་རེད།
རྒྱ་ནག་གི་གཞོན་སྐྱེ་ཚོར་འཛད་སྤྱོད་བྱེད་སྟངས་དང་སེམས་ཁམས་ལ་འགྱུར་ལྡོག་དེ་འདྲ་ཕྱིན་པའི་མཚོན་དོན་ཅི་ཡིན་སྐོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཀའ་འདྲི་ཞུ་དུས། ཁོང་གིས་རྒྱ་ནག་དབུས་གཞུང་དང་ས་གནས་ཚང་མ་ལ་སྤྱི་ཡོངས་ནས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། གཞོན་སྐྱེས་མང་པོ་སློབ་གྲྭ་ཐོན་རྗེས་ལས་མེད་ཆགས་པ་དང་ཁང་པའི་བུ་ལོན་སྤྲོད་མི་ཐུབ་པ་སོགས་ཀྱི་གནོན་ཤུགས་ཇེ་རེར་འགྲོ་བཞིན་པ་གསལ་པོ་མཚོན་གྱི་ཡོད་པར་མ་ཟད། ནམ་རྒྱུན་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་འགྲོ་བཞིན་པ་དེས་དངོས་སུ་མི་སྒེར་རེ་རེ་དང་ཁྱིམ་ཚང་རེ་རེའི་རྒྱུན་ལྡན་གྱི་འཚོ་བ་ལ་ཤུགས་རྐྱེན་ཐེབས་ཡོང་གི་ཡོད་པ་གསལ་པོ་མཚོན་གྱི་ཡོད་པ་རེད་ཅེས་གསུངས་འདུག
གཞན་ཡང་། ཉེ་བའི་ལོ་ཁ་ཤས་ནང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་དེ་དབུས་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་རྒྱང་སྲིང་བྱེད་པ་ཙམ་མ་ཡིན་པར། ས་གནས་འགའ་ཤས་སུ་ཡན་ལག་ཚོགས་ཁང་ཡང་བཙུགས་ཡོད་པ་དཔེར་ན། ད་ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་། རྒྱ་ནག་གི་གྲོང་ཁྱེར་ཁྲུང་ཆིང་དང་། ཝུའུ་ཞི། ཝུའུ་ཧན་བཅས་སུ་ཡན་ལག་ཚོགས་ར་རེ་འཚོགས་འདུག ད་ལན་དཔྱིད་གསར་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་ཞིག་བོད་ཀྱི་རྒྱལ་ས་ལྷ་སའི་པོ་ཏ་ལའི་མདུན་ཐང་དུ་འཚོགས་ཡོད་པ་དེ་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་དགོས་པ་རྒྱུ་མཚན་ག་འདྲ་ཞིག་ལ་བསམ་བློ་བཏང་ནས་གོ་སྒྲིག་བྱས་པ་ཡིན་ནམ་ཞེས་བཀའ་འདྲི་ཞུ་དུས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས། རྒྱ་ནག་གཞུང་གིས་ལོ་ལྟར་དཔྱིད་གསར་དུས་ཆེན་སྐབས་ལ་དགོང་ཚོགས་རྒྱ་ཆེན་པོ་ཞིག་གྲ་སྒྲིག་བྱས་ནས་ཆབ་སྲིད་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེ་སྣང་ཚུལ་གསར་པ་ཞིག་མ་ཡིན་ཡང་། ཟླ་ཤས་གོང་ལ་བོད་ཀྱི་དིང་རི་ས་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་ནས་མི་མང་པོ་ལ་ཤི་རྨས་བྱུང་ཡོད་པའི་དོན་དངོས་གནས་ཚུལ་གང་ཡང་བཤད་མེད་ཐོག ད་ལན་དགོང་ཚོགས་འཚོགས་བའི་ཉིན་མ་འགའ་ཤས་ནང་ལྷ་སའི་ཁུལ་གྱི་བོད་མི་ཚོ་ལ་དམ་དྲག་ནན་མོ་བྱེད་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་། དགོང་ཚོགས་ཀྱི་རྒྱབ་ལྗོངས་ལ་རྒྱ་ནག་གི་ལྕགས་རི་རིང་པོ་དང་དིང་རིའི་ཁུལ་དུ་རྒྱ་ནག་གཞུང་གིས་རོགས་སྐྱོར་ཤུགས་ཆེ་བྱས་ཡོད་ཚུལ་གྱི་པར་རིས་འགའ་ཤས་ཤིག་བསྟན་སོང་། དེ་ནི་བོད་མི་རྣམས་ཀྱི་རང་བྱུང་གོད་ཆག་བྱུང་དུས་ནང་མི་གཉེན་ཉེ་འདས་གྲོངས་སུ་གྱུར་བའི་སྡུག་བསྔལ་དེ་གང་མགྱོགས་བརྗེད་ཐབས་དང་། འཛམ་གླིང་ལ་བོད་མི་དམངས་ཚོ་རྒྱ་གཞུང་གི་དབང་བསྒྱུར་འོག་ལ་མི་རིགས་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ངང་འཚོ་བ་རོལ་བཞིན་ཡོད་པའི་འཁྲུལ་སྣང་ཞིག་དང་བརྡ་ལན་ཞིག་བསྟན་ཐབས་བྱས་པ་རེད་ཅེས་ལན་འདེབས་གནང་སོང་།
མཐའ་དོན་དུ། ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་དེང་སྐབས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་རྒྱ་ནག་ལ་སྒོ་ཁྲལ་སྤར་བའི་སྲིད་ཇུས་དེས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཇེ་སྡུག་ཏུ་ཕྱིན་འཇུག་སྲིད་པ་དང་། འབྱུང་འགྱུར་རྒྱ་ནག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཀའ་ངལ་མང་དག་ཅིག་སེལ་ཐུབ་རྒྱུ་ཁག་པོ་ཆགས་རྒྱུ་ཡིན་པས། དེས་རང་བཞིན་གྱིས་བོད་ནང་གི་བོད་མི་ཚོར་ཡང་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་སོང་།
གླེང་སྟེགས།