ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

སྲིད་འཛིན་ཌོ་ནལ་ཌམ་ནས་ཞི་ཅིན་ཕིང་དང་བཀའ་མོལ་གནང་འཆར།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་

ཨ་རིའི་སྲིད་འཛིན་ཌོ་ནལྜ་ཊམ་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གཉིས་གཟའ་མིག་དམར་ཉིན་མོ་ཞལ་པར་ཐོག་ནས་གྲོས་མོལ་ཞིག་གནང་རྒྱུའི་འཆར་གཞི་ཡོད་ཅེས་སྲིད་འཛིན་ཊམ་གྱི་ཚོང་འབྲེལ་སྲིད་ཇུས་ཐད་ཀྱི་སློབ་སྟོན་པ་ཕཱེ་ཌལ་ནཱ་ཝ་རོའོ་ཡིས་གསུངས་འདུག་པ་དང་། འདི་ནི་རྒྱལ་ཁབ་གཉིས་དབར་ཚོང་ཟོག་ཐོག་ལ་སྒོ་ཁྲལ་སྤར་རེས་ཀྱིས་ཚོང་དོན་གྱི་དམག་འཁྲུག་ཞིག་བརྒྱབ་བཞིན་པའི་སྐབས་འདིར་སྒོ་ཁྲལ་སྐོར་ལ་གྲོས་མོལ་གནང་རྒྱུ་ཡིན་པ་སོགས་གསར་འགྱུར་ཁག་ལ་འགྲེལ་བརྗོད་གནང་ཡོདད་པ་རེད།

དེ་ཡང་སྲིད་འཛིན་ཊམ་གྱི་ཚོང་འབྲེལ་སྲིད་ཇུས་ཐད་ཀྱི་སློབ་སྟོན་པ་ ཕཱེ་ཌལ་ ནཱ་ཝ་རོའོ་ཡིས་རྒྱ་ནག་དང་ཨ་རིའི་དབར་གྱི་སྒོ་ཁྲལ་གྱི་རྩོད་གཞི་དེ་ཚོ་དབུ་ཁྲིད་རྣམ་གཉིས་ཀྱི་ཞལ་པར་ཐོག་གི་གྲོས་མོལ་དེར་གྲུབ་འབྲས་གང་ཡོང་མིན་ བསྒུག་རྒྱུ་རེད་ཅེས་གསུངས་འདུག ཡང་གསར་འགོད་པས་སྲིད་འཛིན་ཌམ་ནས་རྒྱ་ནག་ཐོག་སྒོ་ཁྲལ་སྤར་རྒྱུ་དེ་ཡང་ཁཱེ་ན་ཌ་དང་མེག་སི་ཀོ་ཐོག་ལ་བྱས་པ་བཞིན་ཕྱིར་འགྱངས་གནང་སྲིད་མིན་བཀའ་འདྲི་ཞུས་པར་ལན་འདེབས་གནང་སྐབས་དེ་ནི་སྲིད་འཛིན་མཆོག་གི་ཐག་གཅོད་རེད་ཅེས་གསུངས་ཡོད་པ་རེད།

ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་གཟའ་ཟླ་བའི་ཉིན་མོ་སྲིད་འཛིན་ཊམ་ནས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་ཞལ་པར་ཐོག་ནས་གྲོས་མོལ་ཞིག་གནང་འཆར་ཡོད་རེད་ཅེས་ཕྱི་བསྒྲགས་གནང་ཡོད་ཀྱང་གཟའ་མིག་དམར་ཉིན་མོ་ཞལ་པར་ཐོག་གི་གྲོས་མོལལ་དེའི་དུས་ཚོད་ཁ་གསལ་མེད་ལུགས་གསུངས་པ་དང་། གསར་འགྱུར་ཁག་ཅིག་གིས་སྲིད་འཛིན་ཊམ་ནས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་ཞལ་པར་ཐོག་བཀའ་མོལ་གནང་རྒྱུ་དེ་ཕྱིར་འཐེན་གནང་སྲིད་པའི་སྐོར་གནས་ཚུལ་སྤེལ་ཡང་ཡོད་པ་རེད།

རྒྱ་ནག་གིས་གཟའ་མིག་དམར་ཉིན་མོ་ཨ་རི་ནས་ནང་འདྲེན་བྱེད་ནུས་པའི་ཐོན་ཁུངས་དང་མོ་ཊ། ཞིང་ལས་འཕྲུལ་ཆས་སོགས་ཀྱི་ཐོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠%ནས་༡༥༥%བར་བརྒྱབ་རྒྱུའི་གསལ་བསྒྲགས་ཀྱིས་སྲིད་འཛིན་ཊམ་ནས་རྒྱ་ནག་གི་ཚོང་ཟོག་ཐོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠སྤར་རྒྱུ་དངོས་སུ་ལག་ལེན་གནང་བ་དེར་ཡ་ལན་བསློགས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌམ་ནས་རྒྱ་ནག་གི་ཚོང་ཟོག་ཐོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠% སྤར་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གིས་ཨ་མི་རི་ཀའི་ཚོང་ཟོག་ཁག་ཅིག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠%ནས་༡༥%བར་བརྒྱབ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད་གྷོ་གྷལ་ཚོང་ལས་ཁང་སོགས་ཨ་རིའི་ཚོང་ལས་ཁང་ཁག་ཅིག་གི་ཚོང་དོན་ཐད་ཁྲིམས་མཐུན་ཡིན་མིན་རྩད་གཅོད་བྱ་རྒྱུའི་གསལ་བསྒྲགས་ཤིག་བྱས་ཡོད་པ་རེད།

སྲིད་འཛིན་ཌམ་ནས་དེའི་གོང་དུ་ཁྱིམ་མཚེས་ཁེ་ན་ཌ་དང་མེཀ་སི་ཀོའི་ཚོང་ཟོག་ཐོག་ལའང་སྒོ་ཁྲལ་བརྒྱབ་རྒྱུའི་གསལ་བསྒྲགས་གནང་ཡོད་ནའང་གཟའ་ཟླ་བའི་ཉིན་མོ་ལག་ལེན་གྱི་དུས་བཀག་ཉིན་སུམ་བཅུ་ཕར་འགྱངས་ཀྱིས་དེའི་རིང་དུ་ས་མཚམས་སྲུང་སྐྱོབ་དང་དུག་རྫས་བཀག་འགོག་ཐད་རྒྱལ་ཁབ་དེ་གཉིས་ནས་དོ་དམ་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་དག་ལག་ལེན་བྱེད་རྒྱུའི་དུས་ཚོད་གནང་ཡོད་པ་རེད།

སྲིད་འཛིན་ཌམ་ནས་ཨ་རིའི་ཚོང་ཤག་རྒྱལ་ཁབ་ཆེ་ཤོས་གསུམ་གྱི་ཚོང་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཐག་གཅོད་གནང་བའི་རྗེས་སུ་མ་རྩའི་ཚོང་པ་ཚོར་མ་འོངས་གཟའ་འཁོར་ཁ་ཤས་རིང་དཔལ་འབྱོར་གནས་སྟངས་གང་འདྲ་ཆགས་མིན་ལ་བློ་འཚབ་ཡོང་གི་ཡོད་པའི་རྐྱེན་གྱིས་གཟའ་མིག་དམར་ཉིན་མོ་མ་རྐང་ཁྲིམ་རའི་རིན་གོང་ལ་གནོད་འཚེ་བྱུང་ཡོད་པ་རེད།

སྐུ་ཞབས་ཌམ་ནས་སྲིད་འཛིན་ལས་དུས་དང་པོའི་སྐབས་སུ་༢༠༡༨ལོར་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཤུགས་ཆེ་བཀལ་ཡོད་པ་དང་སྲིད་འཛིན་ལས་དུས་གཉིས་པ་འདིར་སྒོ་ཁྲལ་འགེལ་རྒྱུ་དེ་ཕྱི་འབྲེལ་སྲིད་ཇུས་ཤིག་ལ་བེད་སྤྱོད་ཀྱིས་ས་མཚམས་ཐོག་ལ་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་ཆེས་མང་བའི་དཀའ་ངལ་དང་དུག་རྫས་བཀག་འགོག་སོགས་ཨ་རིའི་རེ་སྐུལ་ལྟར་མི་བྱེད་མཁན་གྱི་རྒྱལ་ཁབ་ཚོར་ཉེས་པ་གཏོང་གི་ཡོད་པ་རེད།

སྲིད་འཛིན་ཌམ་ནས་རྒྱ་ནག་གི་ཚོང་ཟོག་ཐོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠%སྤར་རྒྱུ་དེ་ནི་འགོ་འཛུགས་ཤིག་ཡིན་པ་དང་གལ་སྲིད་གྲོས་མཐུན་ཞིག་མ་བྱུང་བ་ཡིན་ཚེ་སྒོ་ཁྲལ་ཧ་ཅང་གི་མཐོ་པོ་སྤར་དགོས་ཆགས་སྲིད་པ་རེད་ཅེས་ཉེན་བརྡའི་ཚུལ་དུ་གསུངས་ཡོད་པ་རེད།

དཔལ་འབྱོར་དབྱེ་ཞིབ་པ་ཚོས་སྲིད་འཛིན་ཌམ་གྱི་སྒོ་ཁྲལ་སྲིད་ཇུས་དེ་ཚོས་ཨ་རིའི་དཔལ་འབྱོར་ལ་གནོད་འཚེ་ཡོང་སྲིད་པར་བློ་འཚབ་གནང་གི་ཡོད་ནའང་སྲིད་འཛིན་ཌམ་གྱི་ཚོང་འབྲེལ་སྲིད་ཇུས་ཐད་ཀྱི་སློབ་སྟོན་པ་ ཕཱེ་ཌལ་ ནཱ་ཝ་རོའོ་ཡིས་སྲིད་འཛིན་ཌམ་གྱི་སྒོ་ཁྲལ་སྲིད་ཇུས་དེ་དག་ནི་ད་ལྟའི་ཆར་གལ་གནད་ཆེ་ཤོས་དང་པོའི་ངོས་ནས་ས་མཚམས་ཐོག་གི་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་དང་དུག་རྫས་བཀག་འགོག་གིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་

དང་མི་མང་གི་བདེ་དོན་སྲུང་སྐྱོབ་ཆེད་དུ་ཡིན་ཞེས་གསུངས་ཡོད་པ་དང་མེཀ་སི་ཀོ་ཡིས་ས་མཚམས་ཐོག་ལ་སྲུང་དམག་ཁྲི་ཚོ་༡བཏང་ནས་ཨ་རིའི་ནང་ཁྲིམས་འགལ་གྱིས་སྐྱབས་བཅོལ་དུ་འགྲོ་མཁན་དང་ཉལ་ཐག་ནག་ཚོང་བ་བཀག་འགོག་བྱེད་རྒྱུར་མོས་མཐུན་བྱས་པ་དང་།ཡང་ཁེ་ན་ཌའི་གཞུང་ནས་ཀྱང་ས་མཚམས་སུ་རྟོག་ཞིབ་འཕྲུལ་ཆས་བཙུགས་ནས་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་དང་ཉལ་ཐག་དབོར་འདྲེན་བྱེད་མཁན་བཀག་འགོག་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པས་སྲིད་ཇུས་དེར་གྲུབ་འབྲས་ཐོན་གྱི་ཡོད་ཅེས་གསུངས་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG