དེ་རིང་གི་གསར་འགྱུར་ཕྱོགས་བསྡུས་ནང་། ༧གོང་ས་མཆོག་དགུང་གྲངས་༨༨ དུ་ཕེབས་པའི་འཁྲུངས་སྐར་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་ཐེ་ཝན་འཐུས་མིར་མཇལ་འཕྲད། སྤྱི་ཟུར་ཚུལ་ཁྲིམས་བསྟན་འཛིན་འདས་གྲོངས། ཧྲང་ཧེ་མཉམ་ལས་ཚོགས་འདུའི་ཐོག་མོ་དྷིས་གསུང་བཤད། ཕྱོགས་དུས་གཉིས་ཀྱི་འཐེན་ཤུགས་རླབས་གསར་པ་སོགས་ཡོད།
༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༨ དུ་ཕེབས་པའི་འཁྲུངས་སྐར་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ནས་རྣལ་འབྱོར་མི་ལ་རས་པའི་ངོ་མཚར་མཛད་པ་ཐང་ཀའི་ལམ་ནས་འབྲི་བཞེངས་ལེགས་གྲུབ་བྱུང་བ་དེ་ཚེས་ ༥ ཉིན་བོད་ཀྱི་འགྲེམ་སྟོན་ཁང་རྙིང་པའི་ནང་དབུ་འབྱེད་གནང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ལོ་སྦེལ་འཇམ་དུ་འཚོག་འཆར་གྱི་ ཀོ་ནི་ཧྥ་ ཨེ་ཤ་ཡའི་གཟེངས་རྟགས་ཐོག་ཏུ་མཉམ་བཞུགས་གནང་མཁན་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་རྣམས་དང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་ཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་གནང་མཛད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ དུ་ཕེབས་པའི་འཁྲུངས་སྐར་ནི་ཐེ་ཝན་གཙོས་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་དད་ལྡན་མང་པོས་ཕྱི་ཟླ་ ༧ ཚེས་ ༡ ཉིན་སྔ་བསྣུར་གྱིས་སྲུང་བརྩི་ཞུས་གནང་ཞིང་། ༧གོང་ས་མཆོག་ནས་ཐད་གཏོང་བརྒྱུད་འཁྲུངས་སྐར་གོ་སྒྲིག་གནང་མཁན་དང་མཉམ་བཞུགས་པ་ཡོངས་ལ་འཚམས་འདྲི་གནང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་ཁག་གི་སྐུ་ཚབ་མཉམ་ཞུགས་ཐོག་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་ཚོགས་འདུ་ཞིག་འདི་ཚེས་༨ ཉིན་བཞུགས་སྒར་གྱི་སྲིད་སྐྱོང་ཚོགས་ཁང་དུ་དབུ་འབྱེད་གནང་།
འཛམ་གླིང་ཁོར་ཡུག་ཉིན་མོ་དང་སྟབས་བསྟུན་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་གྱིས། གློག་བརྙན་བཟོ་སྐྲུན་པ་ཡན་ཁྲུན་སུ་ཡིས་བཟོ་སྐྲུན་གནང་བའི་བོད་ཀྱི་འབྲོག་པ་ཞེས་པའི་གློག་བརྙན་དེ་ཚེས་༥ ཉིན་ཕྱི་འབྲེལ་བོད་ཀྱི་འགྲེམས་སྟོན་ཁང་གི་ཚོགས་ཁང་དུ་གཟིགས་འབུལ་གནང་སོང་།
རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༨ པ་དེ་རྡ་ས་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་ཕྱི་ཟླ་༦ ཚེས་༡ ཉིན་འགོ་འཛུགས་གནང་སོང་ལ། འགྲན་བསྡུར་གྱི་ཐོག་མར་བོད་ཁྱིམ་རུ་ཁག་དང་ཝཱ་ཎ་རུ་ཁག་གཉིས་ཀྱི་དབར་འགྲན་རྩོད་བྱས་པའི་ཁྲོད་འདི་ལོའི་སྤོ་ལོ་ཐོག་མ་དེ་ཝཱ་ཎ་རུ་ཁག་གིས་བླུགས་པ།
རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་མཆོག་ནས་ད་ལོར་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྐྱངས་གནང་མཛད་ཡོད་ཅིང་། བོད་རིགས་གཞོན་སྐྱེས་དང་ཕྱི་ནང་གི་དད་ལྡན་རྣམ་པར་རྒྱལ་བ་རིན་པོ་ཆེའི་སློབ་མ་ཡིན་ཕྱིན་སེམས་པ་བཟང་པོ་བྱེད་དགོས་པའི་བཀའ་སློབ་སྩལ་གནང་།
ཆབ་སྲིད་བཙོན་པ་གྲྭ་ཆོས་རྒྱལ་དབང་པོ། ༢༠༡༩ ལོར་བཀྲ་ཤིས་སྟེང་འགྲོ་དགོན་པའི་གྲྭ་ཆོས་རྒྱལ་དབང་པོ་ལགས་ལྷ་སར་ཕྱིན་དུས་རང་ཉིད་ཀྱི་ལག་ཐོག་ཁ་པར་ཇ་ཁང་ཞིག་ཏུ་ལུས་ནས་ཉེན་རྟོག་པའི་ལག་པར་ཤོར་བས། ཉེན་རྟོག་པས་ཁོང་གིས་༢༠༡༥ལོར་བལ་ཡུལ་གྱི་ས་འགུལ་སྐབས་བལ་ཡུལ་ནང་གི་བོད་མི་ཚོར་རོགས་དངུལ་བཏང་ཡོད་པ་ཤེས་ནས་བཟུང་ཡོད་པ་རེད།
རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་གཟིགས་སྣང་དང་ཉམས་རྟོགས། ཡིད་བཞིན་དབང་གི་རྒྱལ་པོ་ཞེས་པའི་རྒྱལ་བའི་ཐུགས་ཀྱི་ཡོན་ཏན་བརྗོད་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ། རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་ཟླ་༥ ཚེས་༢༢ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་མདོ་སྨད་ཆོལ་ཁའི་གོ་སྒྲིག་འོག་འཚོགས་གནང་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ Indian Premier League ཞེས་པ་རྒྱ་གར་གྱི་ཀིར་ཀེཊེ་རྩེད་འགྲན་ཁོངས་སུ་མཉམ་ཞུགས་གནང་མཁན་གྱི་རྩེད་འགྲན་པ་ཁག་ཅིག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འདི་ཚེས་ ༡༦ ཉིན་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་གཞིས་ཆགས་ཁག་འགའ་ཞིག་ནས་སོ་ནམ་སློབ་སྟོན་པ་ ༡༥ ལ་སོ་ནམ་ཞིང་ལས་སྲིད་བྱུས་བསྐྱར་ཞིབ་ཀྱི་ཚོགས་འདུ་ཞིག་ཉིན་གྲངས་གསུམ་རིང་ཚོགས་གནང་སྟེ་ཟླ་བ་ ༥ ཚེས་ ༡༡ ཉིན་མཇུག་སྒྲིལ་གནང་ཡོད་པ་རེད།
ཆབ་སྲིད་བཙོན་པ་ངོ་སྤྲོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་དཀར་མཛེས་སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོའི་དབོན་པོ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་ངོ་སྤྲོད་བྱས་ཡོད།
གོ་ལ་སྤྱི་ཡོངས་ཞི་བདེ་མཉམ་གནས་ཡོང་ཐབས་ལས་འཆར་Better we Better World ཡི་གོ་སྒྲིག་འོག་འདི་ལོར་ཡང་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག་ཤར་ནུབ་གཉིས་ཀྱི་གནའ་བོའི་ཆོས་ལུགས་དང་རིག་གཞུང་གི་བསླབ་བྱ་ལས་འགྲོ་བ་མིའི་བདེ་ཐབས་ལ་ལེགས་སྐྱེས་འབུལ་ཐབས་འཚོལ་བའི་ཚོགས་འདུ་བཞུགས་དུ་འཚོག་བཞིན་པ་རེད།
སྲོག་ཆགས་ཀྱི་ཚོར་ཤེས་གྱི་སྐོར་གྱི་ཚོགས་འདུ་འམ་དབྱིན་སྐད་དུ་ Animal Consciousness Conference ཞེས་པའི་ཉིན་དང་པོའི་དབུ་འབྱེད་ཀྱི་ཚོགས་འདུ་དེ་བཞིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནས་འདི་ཚེས་ ༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཚོགས་གནང་ཡོད་པ་རེད།
ཉེ་ལམ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་མཚན་སྨོད་སྐུར་འདེབས་བྱས་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཧི་མ་ཡ་ལའི་སློབ་ཕྲུག་མཐུན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་བཞུགས་སྒར་དུ་མི་མང་སྟོང་ཕྲག་བརྒལ་བས་མེག་ལོར་གྷན་ཇི་ནས་རྡ་ཤོད་ཀ་ཅ་རི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཚེས་ ༡༧ ཉིན་སྤེལ་སོང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིར་རྟེན་གཞི་བྱས་པའི་ Young President's Organization རྒྱལ་ཁབ་འདྲ་མིན་༡༣༠ ཙམ་གྱི་བཟོ་ཚོང་ཁེ་ལས་ཕྱུག་བདག་མཉམ་འདུས་ཀྱི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཚེས་༧ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཚོགས་བཅར་བ་རྣམས་དང་ལྷན་མཇལ་མོལ་དང་བཀའ་འདྲི་བཀའ་ལན་གྱི་མཛད་རིམ་ཞིག་བསྐྱངས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་པ་མཇལ་བཅར་བ་ཁག་ཅིག་ལ་རང་ཉིད་བོད་པ་ཡིན་པའི་སྤོབས་པ་དང་བོད་པ་ཡིན་པའི་རྟགས་མཚན་ལ་སེམས་པ་བཟང་པོ་བྱ་དགོས་པའི་བཀའ་གནང་ཡོད་པའི་སྐོར་བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༢༢་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཕྱི་ཚེས་༢༨་ཉིན་བཏོན་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་བོད་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་ཞབས་པད་བརྟན་ཕྱིར། ཚེས་ ༡༥ ཉིན་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
མང་སྣོན།