༄༅།། ཌོ་ནལ་ཊམ་གྱི་ལས་ཁུར་དམ་འབུལ་མཛད་སྒོར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་སྐུ་མགྲོན་དུ་ཕེབས་དགོས་ཞེས་མགྲོན་འབོད་བྱས་ཀྱང་ཡོང་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ནས་ཉིན་ཤས་རྗེས་སུ་ཞིས་ཅིན་ཕིང་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་གྱི་མཛད་སྒོར་ཕེབས་དགོས་ཞེས་མགྲོན་དུ་བོས། ཉེ་བའི་ལོ་ཤས་ཤིག་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་པ་དང་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་འགེལ་རྒྱུའི་སྡིགས་ར་བསྐུལ། མ་འོངས་པའི་ཊམ་སྲིད་གཞུང་གི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཁེ་རོ་ལེན་ལེ་ཝི་ཊིས་(Karoline Leavit)་ཞིས་ཅིན་ཕིང་ལ་མགྲོན་ཤོག་བཏང་བ་ངེས་གཏན་བྱས་ཀྱང་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཌོ་ནལ་ཊམ་ནས་ཞིས་ཅིན་ཕིང་ལ་མགྲོན་ཤོག་བཏང་བ་ཤེས་རྟོགས་བྱུང་མ་སོང་ཞེས་གསར་པ་ཚོར་ལན་བཏབ།།
མ་འོངས་པའི་ཊམ་སྲིད་གཞུང་གི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཁེ་རོ་ལེན་ལེ་ཝི་ཊིས་
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་འགན་འཛིན་ཟུར་པ་ཌན་ཎི་ར་སལ་(Danny Russel)་གྱིས་ཞིས་ཅིན་ཕིང་ཕྱི་ཟླ་དང་པོའི་ནང་འཚོགས་ཀྱི་ཡོད་པའི་ཊམ་གྱི་ལས་ཁུར་དམ་འབུལ་མཛད་སྒོར་ཞུགས་ཏེ་གྲོས་ཚོགས་མདུན་གྱི་སྡིངས་ཆའི་སྟེང་དུ་ལྷགས། རྒྱ་ནག་གི་ཐོག་ཏུ་མཁྲེགས་འཛིན་བྱེད་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་མཐའ་བསྐོར། ཌོ་ནལ་ཊམ་གྱིས་ལས་ཁུར་དམ་འབུལ་གྱི་གཏམ་བཤད་བྱས་པར་བལྟས་ནས་འདུག་རྒྱུ་དེ་བློ་ཡུལ་དུ་ཤོང་དཀའ། ཞིས་ཅིན་ཕིང་གིས་ནམ་ཡང་རང་གི་གོ་འཕང་དམའ་རུ་བཏང་བ་དང་། ཁོ་པ་ཌོ་ནལ་ཊམ་གྱི་རྒྱལ་ཁའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་སྐུ་མགྲོན་ཞིག་ལ་འགྱུར་དུ་འཇུག་མི་སྲིད། ཞིས་ཅིན་ཕིང་གིས་རང་ཉིད་ཨ་རིའི་སྲིད་འཛིན་དང་འདྲ་མཉམ་ཡིན་བསམས་ཡོད་པ་རེད། རྒྱ་ནག་གི་འགོ་ཁྲིད་ཚོ་ཕྱི་རྒྱལ་ལ་བསྐྱོད་ན་གཟི་བརྗོད་དང་ཉམས། ཆེ་མཐོང་བཅས་ལ་ཧ་ཅང་གི་གཟབ་ནན་བྱེད་ཀྱི་འདུག་ཅེས་བསྟན།།
སི་ཊིམ་སན་ལྟེ་གནས་ཀྱི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་སུན་ཡུན་(Yun Sun)་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོ་ཨ་རིའི་སྲིད་འཛིན་རིམ་པའི་ལས་ཁུར་དམ་འབུལ་མཛད་སྒོར་ཞུགས་མྱོང་མེད་པས་གཟབ་གཟབ་བྱེད་ཤས་ཆེ། ངས་བལྟས་ན་ཞིས་ཅིན་ཕིང་ཡོང་མི་ཕོད། ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་འཇིགས་སྐུལ་བྱེད་བཞིན་ཡོད་པས་ཞིན་ཅིང་ཕིང་མཛད་སྒོ་དེར་ཞུགས་ན་བླུན་པོ་རེད། ད་དུང་༢༠༢༡་ལོའི་ཇཱོ་བྷ་ཌན་གྱི་ལས་ཁུར་དམ་འབུལ་མཛད་སྒོར་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་མཉམ་ཞུགས་བྱས་ཡོད་པས་ཊམ་གྱི་ལས་ཁུར་དམ་འབུལ་མཛད་སྒོ་ལའང་ཐེ་ཝན་གྱི་སྐུ་ཚབ་མགྲོན་འབོད་བྱས་ཡོད་སྲིད། པེ་ཅིང་གིས་ཐེ་ཝན་རྒྱ་ནག་གི་ས་ཆ་ཡིན། ཨ་རིའི་གཞུང་གིས་ཐེ་ཝན་ལ་འབྲེལ་བ་བྱས་ནས་དམར་ཐིག་བརྒལ་མི་ཆོག་ཅེས་ཉེན་བརྡ་གཏོང་གི་ཡོད་པ་རེད་ཟེར།།
གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རི་རུ་བྷིའོ་མ་འོངས་པའི་ཊམ་སྲིད་གཞུང་གི་ཨ་རིའི་ཕྱི་སྲིད་དྲུང་ཆེ་
ཌོ་ནལ་ཊམ་གྱིས་རྒྱ་ནག་གི་སྟེང་དུ་མཁྲེགས་འཛིན་བྱེད་མཁན་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་རི་རུ་བྷིའོ་(Marco Rubio)་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་གྲོས་ཚོགས་འོག་མའི་འཐུས་མི་མེཀ་ཝོལ་ཛི་(Mike Waltz)་རྒྱལ་སྲུང་སློབ་སྟོན་པར་བསྐོས་ཡོད་པས་ཨ་རྒྱའི་འབྲེལ་བ་སྔར་ལས་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་སོང་། སི་ཊིམ་སན་ལྟེ་གནས་ཀྱི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་སུན་ཡུན་ནས་རྒྱ་ནག་གིས་བསྒུགས་ནས་བལྟ་རྒྱུའི་སྲིད་ཇུས་ཤིག་བཟུང་བའི་ཞོར་དུ་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་དང་དགྲར་འཛིན་གྱི་སྲིད་ཇུས་ལག་ལེན་བསྟར་ན་ཨ་མི་རི་ཀར་ལན་པ་སློག་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག ༢༠༡༧་ལོར་ཌོ་ནལ་ཊམ་གྱིས་ཞིས་ཅིན་ཕིང་མགྲོན་འབོད་བྱས་ནས་ཨ་རིར་བསླེབས། ཕྱི་ལོ་དེར་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་བསླངས་ནས་ཞིས་ཅིན་ཕིང་ལ་སྣ་སུན་ཕོག་ཡོད་པ་རེད། ཌོ་ནལ་ཊམ་གྱིས་ལག་པ་གཅིག་གིས་རྔན་པ་སྟེར་བ་དང་ལག་པ་གཅིག་གིས་འགྲམ་ལྕག་གཞུ་ཡི་རེད་ཅེས་གསལ་སྟོན་བྱས་འདུག
ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཌོ་ནལ་ཊམ་གྱི་ལས་ཁུར་དམ་འབུལ་མཛད་སྒོར་ཞིས་ཅིན་ཕིང་མཉམ་ཞུགས་མ་བྱས་པར་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་དང་བཟའ་ཟླ་གཉིས་ཕྱི་རྒྱལ་གྱི་སྐུ་མགྲོན་གྲས་སུ་མཛད་སྒོར་ཞུགས་འཆར་འདུག་ཅེས་གནས་ཚུལ་ཐོན་ཞིང་། མ་འོངས་པའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་འདེམས་ཐོན་སྲིད་འཛིན་ཊམ་གྱིས་ཞིས་ཅིན་ཕིང་ལ་མགྲོན་ཤོག་བཏང་དོན་ནི་ཨ་རིའི་མཐུན་གྲོགས་མིན་པའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་འབྲེལ་མོལ་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆེད་དུ་རེད་ཅེས་རྒྱུ་མཚན་བགྲངས། ཨ་རིའི་རྒྱལ་ནང་དུ་ཌོ་ནལ་ཊམ་གྱི་ལས་ཁུར་དམ་འབུལ་མཛད་སྒོར་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོ་མགྲོན་འབོད་བྱེད་ཀྱི་ཡོད་པ་ནི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་དང་རྒྱབ་འགལ་རེད་ཅེས་སྐྱོན་བརྗོད་ཕོག
ཌོ་ནལ་ཊམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་མི་འཇོན་ཐང་ཅན་དང་འགོ་ཁྲིད་མཁྲེགས་པོ་ཞིག་རེད། ང་ཚོ་གྲོགས་པོ་ཡིན་ཞེས་བསྔགས་བརྗོད་བྱས་ཀྱང་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་བསླངས། ཁ་སྔོན་ཕྱི་ཟླ་༡༡་པའི་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་ལ་རྒྱབ་ཁ་ཐོབ་པར་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཞུས་པར་མ་ཟད། ཨ་རྒྱ་གཉིས་ཀྱིས་གདོང་ཐུག་རྒྱག་རྒྱུའི་ཚབ་ཏུ་གྲོས་མོལ་བྱ་དགོས། ཕན་ཐོགས་ཅི་ཡང་མེད་པའི་འཁྲུག་རྩོད་སློང་བ་ལས་ཕྱོགས་གཉིས་མཉམ་འབྲེལ་བྱས་ནས་ཁེ་ཕན་ལེན་དགོས་ཞེས་ཨ་རི་དང་རྒྱ་ནག་གི་ཚོང་ལས་མཐུན་ཚོགས་ལ་གནས་འཕྲིན་ཞིག་སྤྲིངས། གཟའ་འཁོར་འདིར་ཞིས་ཅིན་ཕིང་གིས་ཚོང་དམག་དང་འཕྲུལ་རིག་བཀག་སྡོམ་གྱི་དམག་འཁྲུག་བསླངས་ཏེ་སྒོ་ཁྲལ་སྤར་ན་སུ་གཅིག་ལ་ཁེ་ཕན་མེད་ཅེས་སླར་ཡང་ནན་གྱིས་བརྗོད། ཉམས་ཞིབ་པ་ཚོས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་འདིར་ཞིས་ཅིན་ཕིང་དཔའ་ཞུམ་པ་དང་ཨ་མི་རི་ཀར་འགྲིག་མཐུན། ཡུ་རོབ་རྒྱལ་ཁབ་ཁག་ལ་མཐུན་ལམ་བྱེད་ཀྱི་འདུག་ཅེས་དཔྱད་བརྗོད་སྤེལ།།
ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་གནས་ཚུལ་འབྱུང་ཁུངས་འགའ་ཞིག་གིས་ཌོ་ནལ་ཊམ་གྱི་ལས་ཁུར་དམ་འབུལ་མཛད་སྒོར་ཞིས་ཅིན་ཕིང་མཉམ་ཞུགས་བྱེད་ཀྱི་མེད་པ་ངེས་གཏན་བྱས་མོད། ཞིས་ཅིན་ཕིང་མཛད་སྒོ་དེར་མཉམ་ཞུགས་མ་བྱས་ཀྱང་ཨ་རིའི་རང་དབང་དང་དམངས་གཙོའི་མཚོན་རྟགས་གྲོས་ཚོགས་འདུན་དུ་ཌོལ་ཊམ་གྱིས་རྩ་ཁྲིམས་དཔང་དུ་བཙུགས་ནས་ལས་ཁུར་དམ་བཅའ་བཞག རྒྱ་ནག་དམར་ཤོག་དང་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་འགོ་ཁྲིད་དེ་མི་ཚོགས་དཀྱིལ་དུ་འཁྱག་འདར་བརྒྱབ། ཊམ་གྱི་གཏམ་བཤད་ལ་མཉན་ནས་བསྡད་ཡོད་པའི་དོན་སྤྱི་ཞིག་སྣང་ངོར་ཤར་ན་ཁྱད་མཚར་ཞིག་རེད། ཞིས་ཅིན་ཕིང་འཛམ་གླིང་གི་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འབོད་ཐུབ་ན་ཊམ་ལ་རྒྱལ་ཁ་ཆེན་པོ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་ཆབ་སྲིད་སོགས་ཕྱོགས་གང་ནས་བལྟས་ཀྱང་ཞིས་ཅིན་ཕིང་མཛད་སྒོ་དེར་མཉམ་ཞུགས་བྱ་རྒྱུ་བློ་ཡུལ་དུ་འཆར་ཐུབ་པ་ཞིག་མ་རེད་ཅེས་བཀྲལ།།
ཌོ་ནལ་ཊམ་གྱི་དུས་ལས་གཉིས་པ་འདིར་ར་ཤི་ཡ་དང་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྒྲིལ་དུ་འཇུག་རྒྱུ་ཡིན། དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ཁས་བླངས། ཉམས་ཞིབ་པ་མང་ཆེ་བས་ཌོ་ནལ་ཊམ་གྱི་དམིགས་ཡུལ་དང་འཆར་གཞི་རྣམས་འགྲུབ་དཀའ། ལོ་ཤས་གོང་ནས་རྒྱ་ནག་དང་ར་ཤི་ཡ། ཨི་རན་དང་བྱང་ཀོ་རི་ཡ་རྣམས་ཁ་མཐུན་དཔུང་སྒྲིག་བྱེད་ཀྱི་འདུག ཌོ་ནལ་ཊམ་གྱིས་དེ་ལ་དཀྲུང་ཤིང་འཕངས་ནས་ར་ཤི་ཡ་དང་ཨི་རན། བྱང་ཀོ་རི་ཡ་གསུམ་ཟུར་དུ་ཕུད་པ་དང་རྒྱ་ནག་ཨ་རིའི་ཕྱོགས་སུ་འགུགས་ཐབས་བྱེད་མི་སྲིད་པ་མིན། ཊམ་གྱིས་རྒྱ་ནག་ལ་འཛིན་པའི་ལྟ་བ་དེ་གསལ་པོ་མི་འདུག ཁོ་པས་ཕྱོགས་གཅིག་ནས་རྒྱ་ནག་གིས་ཁེ་སང་བླངས་ནས་ཨ་མི་རི་ཀ་ཕུང་ལ་སྦྱོར་གྱི་ཡོད་པ་འགོག་དགོས་ཞེས་སྲིད་ཇུས་མཁྲེགས་པོ་བཟུང་། ཊམ་གྱིས་ཕྱོགས་གཞན་དེར་ཞིས་ཅིན་ཕིང་ལ་གྲོགས་པོ་སྒྲིག་གི་ཡོད་པ་ནི་ནང་འགལ་རེད་ཅེས་གླེང་སློང་བྱུང་ངོ་།།