ཡུ་རོབ་ཀྱིས་རང་ཉིད་སྲུང་སྐྱོབ་ཆེད་དམག་དོན་འགྲོ་གྲོན་སྤར་དགོས་པར་བརྗོད།

ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཱར་ཁི་རུ་ཊེ་ Mark Rutte ལགས་ཀྱིས་གསར་འགོད་པར་བཀའ་མོལ་གནང་བཞིན་པ།

སྤྱི་ཟླ་༣ པའི་ཚེས་༨ ཉིན། རའེ་ཌར་སི་གསར་ཁང་གིས་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཱར་ཁི་རུ་ཊེ་ Mark Rutte ལགས་ཀྱི་བཀའ་མོལ་ཞིག་ལུང་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་ཀྱིས་སོ་སོར་སྲུང་སྐྱོབ་བྱ་ཆེད་སྲུང་སྐྱོབ་ཀྱི་འགྲོ་གྲོན་མང་དུ་གཏང་རྒྱུ་ཡིན་པ་རེད།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཱར་ཁི་རུ་ཊེ་ལགས་ཀྱིས། ང་ཚོས་འགྲོ་གྲོན་མང་དུ་བཏང་ནས་སོ་སོར་སྲུང་སྐྱོབ་བྱ་དགོས་ཞེས་དང་། ཡུ་རོབ་ཀྱིས་གལ་སྲིད་སོ་སོའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་ཚེ། གལ་འགངས་ཆེ་ཤོས་དེ་རྒྱལ་སྲུང་གི་སྔོན་རྩིས་མང་དུ་གཏང་རྒྱུ་དང་། དམག་དོན་མཁོ་ཆས་ཀྱི་ཐོན་སྐྱེད་རྒྱ་བསྐྱེད་གཏང་རྒྱུ་དེ་རེད། ཅེས་འཇར་མན་གྱི་གསར་འགྱུར་བརྒྱུད་ལམ་རེས་གཟའ་ཉི་མའི་འཛམ་གླིང་ཚགས་ཤོག་གི་བཅར་འདྲི་དང་ལེན་གནང་སྐབས་སུ་ཁོང་གིས་བཀའ་མོལ་དེ་གསུངས་ཡོད་པ་རེད།

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་སུ་ད་ལྟ་ཚོགས་འཐུས་རྒྱལ་ཁབ་ ༣༢ ཡོད་པ་དང་། དེའི་ཁོངས་སུ་མང་ཆེ་བ་ཡུ་རོབ་ཀྱི་རྒྱལ་ཁབ་ཡིན་ནའང་། ཨ་རི་དང་ཁ་ན་ཊ་ཡང་དམག་དོན་སྒྲིག་འཛུགས་དེའི་ཁོངས་སུ་ཚུད་ཡོད་པ་རེད།