༄༅།། ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་བའི་གུ་ཡངས་ཚོགས་པའི་འགོ་ཁྲིད་གསར་པ་མར་ཁེ་ཁར་ནེས་(Mark Carney)་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཚོང་དམག་བསླངས་ཀྱང་ཁེ་ན་ཌར་རྒྱལ་ཁ་ཐོབ་ངེས་ཡིན་ཞེས་བསྒྲགས། ཕྱི་ཟླ་༣་པའི་ཚེས་༡༠་ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌའི་གུ་ཡངས་ཚོགས་པས་ལོ་ན་༥༩་ལ་སོན་པའི་མར་ཁེ་ཁར་ནེ་སྲིད་བློན་ཊུ་རུ་ཌོའི་རྗེས་འཛིན་པར་བདམས་མ་ཐག་ཏུ་ཁེ་ན་ཌའི་ཐོབ་ཐང་རྩོད་རྒྱུའི་རྣམ་འགྱུར་ཐོན། མར་ཁེ་མར་ནེས་ང་ཚོས་འཐབ་རྩོད་འདི་བསླངས་པ་མིན། གཞན་ཞིག་གིས་ཁུ་ཚུར་འཕྱར་ནས་ཡོང་ན་ཁེ་ན་ཌས་ནམ་ཡང་གཉོམ་འཁུར་རྒྱུ་མིན། ཨ་མི་རི་ཀ་བ་ཚོས་ཚོང་དམག་དང་འཁྱགས་གྲུག་རྩེད་འགྲན་སོགས་ཅི་ཞིག་ཡིན་རུང་ཁེ་ན་ཌ་ཐུབ་རྒྱུ་མིན་པ་ཤེས་པར་གྱིས་ཞེས་རང་ཚུགས་བརྟན་པོར་བཟུང་ནས་རྒྱལ་ས་ཨོ་ཊ་ཝར་འདུས་པའི་སྲིད་དོན་ཚོགས་པའི་རྒྱབ་སྐྱོར་བ་ཚོར་གཏམ་བཤད་བྱས་འདུག
ད་ལོའི་ཕྱི་ཟླ་༡༠་པའི་སྔོན་དུ་ཁེ་ན་ཌར་རྒྱལ་ཡོངས་འོས་བསྡུ་བྱ་དགོས་པས་འོས་བསྡུ་སྔར་སྣུར་བྱས་ནས་བདུན་ཕྲག་འགའ་ཞིག་གི་ནང་དུ་བྱེད་མི་སྲིད་པ་མིན། ཁེ་ན་ཌའི་མི་དམངས་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ཁག་ཏུ་ཕྱོགས་འགལ་རྙིང་ཞེན་ཚོགས་པར་རྒྱབ་སྐྱོར་བ་ཅུང་ཙམ་མང་བ་ཡོད་པའི་རྣམ་པ་ཞིག་མངོན། མར་ཁེ་ཁར་ནེས་རང་གི་རྒྱབ་སྐྱོར་བ་ཚོར་ཌོ་ནལ་ཊམ་གྱིས་ཁེ་ན་ཌ་ཧམ་ཟ་བྱས་ཏེ་ཆུ་དང་ས་ཆ། ཐོན་ཁུངས་དང་རྒྱལ་ཁབ་བཅས་པ་བཙན་འཕྲོག་བྱ་རྒྱུའི་ཀུན་སློང་བཅངས་ཡོད་པ་རེད། རྒྱལ་ཁབ་གཞན་ཞིག་གིས་ང་ཚོར་མུན་ནག་གི་དུས་སྐབས་ཤིག་འཆར་དུ་འཇུག་གི་ཡོད་པས་ང་ཚོས་ཁྱིམ་མཚེས་དེར་བློ་འགེལ་མི་ཐུབ། ཌོ་ནལ་ཊམ་ལ་ཁེ་ན་ཌའི་ངལ་རྩོལ་བ་དང་ཁྱིམ་ཚང་ཁག ཚོང་ལས་རྣམས་ཉམས་དམས་སུ་གཏོང་འདོད་ཡོད་པས་ང་ཚོས་མི་དེར་ལམ་ལྷོངས་འབྱུང་དུ་འཇུག་མི་ཉན། ང་ཚོ་ཁེ་ན་ཌའི་འཚོ་བའི་གོམས་སྲོལ་དང་མང་ཚོགས་ཀྱི་ཁ་འཛིན་རྒྱབ་རྟེན་དུ་ལང་དགོས་ཞེས་ནན་གྱིས་བསྐུལ།།
ཁེ་ན་ཌའི་གུ་ཡངས་ཚོགས་པའི་ནང་ཁུལ་གྱི་འོས་བསྡུ།
ཁེ་ན་ཌའི་གུ་ཡངས་ཚོགས་པའི་ནང་ཁུལ་དུ་འོས་ཤོག་འཕངས་ནས་མར་ཁེ་ཁར་ནེ་ལ་འོས་ཤོག་བརྒྱ་ཆ་༨༥.༩་ཐོབ་སྟེ་འགྲན་ཡ་རྣམས་ཕམ། ཁོ་པས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་ཁས་ལེན་བྱས་ནས་སྲིད་དོན་ཚོགས་པའི་ནང་ཁུལ་དུ་འོས་ཤོག་ཐོབ། སྲིད་འཛིན་ཊམ་གྱིས་ཁེ་ན་ཌའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་དཔལ་འབྱོར་དང་ཚོང་ལས། ཁེ་ན་ཌའི་མི་དམངས་ཀྱི་འཚོ་བ་བཅས་ལ་དོ་ཕོག་གཏང་རྒྱུ་ཡིན། ཁེ་ན་ཌ་རྒྱལ་ཁབ་དེ་ཨ་མི་རི་ཀའི་མངའ་སྡེ་༥༡་པར་གྱུར་ན་ཡག་པོ་ཡོད་པ་རེད་ཅེས་ལན་མང་གླེང་ནས་བྱང་ཕྱོགས་ཀྱི་ཁྱིམ་མཚེས་དེ་ཁོང་ཁྲོས་བརྟས། སྲིད་བློན་ཇཱ་སི་ཊོན་ཊུ་རུ་ཌོའི་གྱེས་བྲལ་གྱི་གཏམ་བཤད་ནང་དུ་ང་ཚོའི་ཁྱིམ་མཚེས་ཀྱིས་ཁེ་ན་ཌ་ཆགས་འཇིག་གི་གནས་སུ་རྫོང་གི་འདུག་ཅེས་བསྟན། ད་ལྟ་ཁེ་ན་ཌའི་སྲིད་དོན་ཚོགས་པ་ཁག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་གཏད་གཅོག་རྒྱུ་གཙིགས་སུ་བཟུང་ནས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་འགོ་ཚུགས་འདུག
ཕྱི་ཟླ་༣་པའི་ཚེས་༡༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མར་ཁེ་ཁར་ནེས་༢༠༠༨་ནས་༢༠༡༣་བར་དུ་ཁེ་ན་ཌའི་དབུས་དངུལ་ཁང་དང་༢༠༡༣་ནས་༢༠༢༠་བར་དུ་དབྱིན་ཇིའི་དབུས་དངུལ་ཁང་གི་འགོ་ཁྲིད་ཀྱི་ལས་འགན་ཁུར། ༢༠༠༨་ལོར་ཁེ་ན་ཌ་དཔལ་འབྱོར་ཉམས་རྒུད་འོག་ནས་བསྐྱབས་པའི་རྗེས་སུ་དབྱིན་གཞུང་ནས་རང་གི་སྤྱི་དམངས་མ་ཡིན་པ་ཞིག་དབྱིན་ཇིའི་དབུས་དངུལ་ཁང་གི་འགན་འཛིན་དུ་བསྐོས། དེ་ནི་༡༦༩༤་ལོར་དབྱིན་ཇིའི་དབུས་དངུལ་ཁང་བཙུགས་ནས་བཟུང་སྟེ་ཕྱི་མི་ཞིག་དབྱིན་ཇི་རྒྱལ་ཁབ་ཆེན་པོའི་དབུས་དངུལ་ཁང་གི་འགོ་ཁྲིད་དུ་བསྐོས་པ་ཐོག་མ་ཡིན་ཞིང་། མར་ཁེ་མར་ནེས་ཨ་རིའི་ཧ་ཝར་ཌི་སློབ་གྲྭ་ཆེན་མོར་དཔལ་འབྱོར་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོར་དཔལ་འབྱོར་རིག་པའི་འབུམ་རམས་པའི་མཚན་བཏགས་བཞེས། གྷོལ་ཌི་མན་ས་ཆེ་དངུལ་ཁང་གི་འགན་འཛིན་དུ་བསྐོས་ནས་ལོ་༡༣་ལ་ནེའུ་ཡོཀ་དང་ལོན་ཌོན། ཀྲོག་ཀིའོ་དང་ཊོ་རོན་ཊོ་སོགས་སུ་སྲི་ཞུ་བསྒྲུབས།།
༢༠༡༧་ལོར་མར་ཁེ་མར་ནེས་དབྱིན་ཇིའི་དབུས་དངུལ་ཁང་གི་འགན་འཛིན་གྱི་གོ་གནས་བཟུང་ཡོད་པའི་སྐབས་ཀྱི་འདྲ་པར།
མར་ཁེ་ཁར་ནེ་ལ་དབྱིན་ཇི་དང་ཁེ་ན་ཌ། ཨར་ལན་ཌི་བཅས་རྒྱལ་ཁབ་གསུམ་གྱི་སྤྱི་དམངས་ཐོབ་ཐང་ཡོད་པ་དང་ཁེ་ཌན་ཌའི་ཁྲིམས་ལུགས་སུ་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ཐོབ་ཐང་འདོར་དགོས་ཞེས་འཁོད་མེད་མོད། འོན་ཀྱང་མར་ཁེ་ཁར་ནེས་ཆབ་སྲིད་ལ་དམིགས་ནས་དབྱིན་ཇི་དང་ཨར་ལན་ཌིའི་སྤྱི་དམངས་ཐོབ་ཐང་དོར་ཏེ་ཁེ་ན་ཌའི་སྤྱི་དམངས་ཐོབ་ཐང་འབའ་ཞིག་བླངས། ཁོ་པའི་ཆུང་མ་ཌ་ཡ་ན་དབྱིན་ཡུལ་དུ་སྐྱེས་པ་དང་ཁྱིམ་ཚང་དེར་བུ་མོ་བཞི་ཡོད་ཅིང་། ཁ་སྔོན་ཕྱི་ཟླ་དང་པོའི་ནང་དུ་ན་ནོ་སི་ཞིབ་འཇུག་ཁང་གིས་བསམ་ཚུལ་དྲིས་པ་ལྟར་ན། ཁེ་ན་ཌའི་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༧་གྱིས་རྙིང་ཞེན་ཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༢༠་ཐམ་པས་གུ་ཡངས་ཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ལན་བཏབ། གཟའ་འཁོར་འདིར་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༣༧་གྱིས་རྙིང་ཞེན་ཚོགས་པ་དང་མི་མང་འོས་འཕེན་མཁན་བརྒྱ་ཆ་༣༤་ཡིས་གུ་ཡངས་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གསར་འགྱུར་ཐོན་འདུག
ཕྱི་ཟླ་༣་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མར་ཁེ་ཁར་ནེ་སྲིད་བློན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་རྒྱ་ནག་གིས་འདྲ་མཉམ་དང་གཉིས་བཀུར་གྱི་རྨང་གཞིའི་ཐོག་ཏུ་ཁེ་ན་ཌར་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་ཡར་རྒྱས་གཏོང་འདོད་ཡོད། ཁེ་ན་ཌའི་སྲིད་བློན་གསར་པས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་ཕྱོགས་ལ་ཡར་སྐུལ་བྱ་དགོས་ཞེས་འབོད་སྐུལ་ཞུས། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་ང་ཚོས་ཁེ་ན་ཌས་དྲང་སྙོམས་དང་གནས་ལུགས་ལྡན་པ། རྒྱ་ནག་ལ་བཟང་ཕྱོགས་དང་དོན་དངོས་ལ་མཐུན་པའི་རྩ་དོན་ཐོག་ཏུ་འབྲེལ་བ་བཟང་དུ་གཏང་རྒྱུའི་རེ་ལྟོས་འཆང་ཡོད། རྒྱ་ནག་གིས་ཁེ་ན་ཌའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་ལུགས་མཐུན་ཞིག་ཡིན། ཁེ་ན་ཌས་དབྱེ་འབྱེད་མེད་པ་དང་ཕྱོགས་གཉིས་ཀྱི་ཁེ་ལས་པ་ཚོར་ཁོར་ཡུག་བརྟན་པོ་ཞིག་བསྐྲུན་ནས་ནོར་འཁྲུལ་གྱི་སྲིད་ཇུས་དེ་ཚོར་ཡོ་བསྲང་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉཱིང་།
ན་ནིང་ཕྱི་ཟླ་༡༠་པའི་ནང་ཁེ་ན་ཌས་རྒྱ་ནག་གི་གློག་གི་རླངས་འཁོར་དང་དྭངས་ལྕགས། ཧ་ཡང་སོགས་ལ་སྒོ་ཁྲལ་སྤར། གཟའ་སྤེན་པའི་ཉིན་རྒྱ་ནག་གིས་ཁེ་ན་ཌའི་ཞིང་ལས་ཐོན་སྐྱེད་དང་ཟས་རིགས་སོགས་ཨ་སྒོར་དུང་ཕྱུར་༢༦་གི་ཐོན་སྐྱེད་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠་ནས་བརྒྱ་ཆ་༢༥་རེ་སྤར་རྒྱུ་ཡིན། སྒོ་ཁྲལ་དེ་དག་ཟླ་བ་འདིའི་ཚེས་༢༠་ནས་ལག་ལེན་བསྟར་རྒྱུ་ཡིན་ཞེས་ཐག་བཅད། རྒྱ་ནག་གི་སྒོ་ཁྲལ་ལས་ཁུངས་ཀྱི་གསལ་བསྒྲགས་ནང་དུ་ཁེ་ན་ཌས་ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་རྩིས་མེད་བཏང་ནས་གློག་གི་རླངས་འཁོར་དང་དྭངས་ལྕགས། ཧ་ཡང་སོགས་ལ་སྒོ་ཁྲལ་སྤར་བ་རེད་ཅེས་འཁོད། ལོ་ཤས་གོང་དུ་ཨ་རིའི་གཞུང་གིས་འབོད་སྐུལ་ལྟར་ཁེ་ན་ཌས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མུན་ཝེན་ཀྲུག་བཀག་ཉར་བྱས་ཤིང་། རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་བཙོན་དུ་བཅུག སྲིད་བློན་གསར་པ་ཁར་ནེའི་དུས་སུ་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་བ་ཡག་ཏུ་འགྲོ་བའི་གོ་སྐབས་ཤིག་འཆར་སྲིད།།
ཕྱི་ཟླ་༣་པའི་ཚེས་༡༠་ཉིན་བི་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་ཁེ་ན་ཌར་ཚོང་དམག་བརྒྱབ་ནས་བྱང་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། མར་ཁེ་ཁར་ནེ་སྲིད་བློན་ལ་གྱུར་པའི་རྗེས་སུ་ཁེ་ན་ཌའི་ཁེ་ཕན་དོན་དུ་ཌོ་ནམ་ཊམ་ལ་ཁ་གཏད་ནན་པོ་གཅོག་རྒྱུ་ཡིན་པ་ཧ་ཅང་གསལ་པོ་རེད། ད་སྔ་ཕྱོགས་གཉིས་ཀྱི་འཐབ་རྩོད་དེ་ཚོང་དམག་ཅིག་ཡིན་རུང་ཁེ་ན་ཌའི་བདག་དབང་ལ་ཉེན་ཁ་འཕྲད་ཀྱི་འདུག ཟླ་བ་སྔོན་མར་བི་བི་སི་གསར་ཁང་གིས་བཅར་འདྲི་ཞུས་པའི་དུས་སུ་མར་ཁེ་ཁར་ནེས་གཞན་ལ་ཐུབ་ཚོད་བྱེད་མཁན་ཚོར་འཐབ་རྒོལ་བྱ་དགོས་པའི་ནན་བརྗོད་བྱས་པར་གཞིགས་ཚེ། ཁོ་པས་ཨ་རི་དང་ཁེ་ན་ཌའི་འཐབ་རྩོད་ནང་དུ་དབྱིན་ཡུལ་གང་གི་ཕྱོགས་སུ་ལང་རྒྱུ་ཡིན་མིན་གདམ་ཀ་བྱེད་དུ་འཇུག་ཤས་ཆེ། མར་ཁེ་ཁར་ནེས་གྱང་ངོས་སུ་བཀལ་ཡོད་པའི་དབྱིན་ཇིའི་རྒྱལ་པོ་ཆལ་སིའི་སྐུ་པར་ལ་བལྟས་ནས་ངེས་གཏན་མེད་པའི་འཛམ་གླིང་གི་དུས་སྐབས་གསར་པ་འདིའི་ནང་དུ་དབྱིན་ཇི་དང་ཁེ་ན་ཌ་གཉིས་ལངས་ཕྱོགས་གཅིག་གྱུར་དགོས་ཞེས་ནན་བརྗོད་བྱས་པའི་གསར་འགྱུར་ཐོན་འདུག