དེ་རིང་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ནི་ཉེ་ལམ་བོད་ནང་ས་ཡོམ་གོད་ཆག་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཞེ་དགུའི་དུས་མཆོད་དེ་ཆགས་ཀྱི་ཡོད་པས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་གཙང་ཆོལ་ཁས་གཙོས་ཚོགས་སྐྱིད་ཁག་བཞི་ཐུན་མོང་གིས་གོ་སྒྲིག་འོག་ཞེ་དགུའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་སོང་ལ། དེ་བཞིན་ཨ་རི་དང་ཡུ་རོབ་སོགས་ཡུལ་གྲུ་གང་སར་ཡུལ་ལུང་སོ་སོའི་གནས་དུས་ལ་གཞིགས་པའི་ཞེ་དགུའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་མཁན་ཡང་དུ་མ་ཞིག་བྱུང་ཡོད་འདུག དེ་དང་ཕྱོགས་མཚུངས་ཉེ་ལམ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལྷན་ཚོགས་ཐེངས་ ༡༧༥ པའི་ཐོག་བཀའ་བསྡུར་བྱུང་བ་བཞིན། བོད་ནང་གི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་འདི་ལོའི་བོད་ཀྱི་ལོ་གསར་ལ་བོད་མི་རྣམ་པས་མི་ཚོགས་འདུ་འཛོམས་དང་། གཞས་སྣ་འཁྲབ་སྟོན་སོགས་ཀྱི་དགའ་སྤྲོའི་རྣམ་པ་ཤུགས་ཆེ་མི་གནང་བའི་ཡོངས་ཁྱབ་འབོད་སྐུལ་གསལ་བསྒྲགས་ཀྱང་བསྐྱངས་གནང་ཡོད་ལ། བོད་མི་ཚོགས་སྒེར་མང་པོས་ཀྱང་གདུང་སེམས་མཉམ་བསྐྱེད་དུ་འདི་ལོའི་བོད་ཀྱི་ལོ་གསར་ཆེད་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་བྱེད་སྒོ་དུ་མ་ཞིག་ཕྱིར་འཐེན་དང་། མང་པོས་ལོ་གསར་སྲུང་བརྩི་མི་ཞུ་བའི་རྣམ་པ་སྟོན་མཁན་ཡང་བྱུང་དང་འབྱུང་བཞིན་ཡོད་པ་རེད།
དེ་དང་སྦྲགས་འདི་ལོའི་ཟླ་བ་ ༡ པའི་ཚེས་ ༧ ཉིན་བོད་ནང་ས་ཡོམ་བྱུང་སྟེ་ད་ལྟའི་ཆར་ཉིན་གྲངས་ ༤༩ འགྲོ་བཞིན་ཡོད་པ་དང་། འདས་པའི་ཉིན་གྲངས་དེ་དག་ནང་ཉེན་ཚབས་ཆེ་བའི་ས་ཁུལ་ཆེ་ཁག་གསུམ་སྟེ། གྲམ་མཚོ་དང་ཆུ་ལྷོ། མཚོ་སྒོ་ཁུལ་གསུམ་གྱི་ས་ཡོམ་སྐབས་ཀྱི་གནས་ཚུལ་རིམ་པས་རྒྱུས་ལོན་བྱས་པ་བརྒྱུད། ད་ལྟའི་ཆར་གོད་ཆགས་ཕོག་ཡུལ་དུ་མི་གསུམ་རེར་སྒྲོམ་ཁང་རེ་རེ་མཁོ་སྤྲོད་བྱས་ཡོད་པ་དང་། ཉིན་རེའི་དགོས་མཁོ་ཟ་འབྲུ་དང་འཐུང་ཆུ། གློག་དང་མེ་ཤིང་སོགས་ཀྱི་དཀའ་ངལ་མེད་པ་བརྗོད་བྱུང་ལ། ས་ཡོམ་སྐབས་ཀྱི་རྨས་མ་སོགས་ཕལ་ཆེ་བ་དྲག་བསྐྱེད་བྱུང་ཡོད་པ། བྱིས་པ་སློབ་ལོ་ལོན་པ་རྣམས་ལ་སྒྲོམ་ཁང་དུ་ཟུར་ཁྲིད་གནང་བཞིན་ཡོད་པ་བརྗོད་ཀྱི་འདུག་ཀྱང་། ལོ་གསར་རྗེས་ནས་གོང་སྨྲོས་ས་ཁུལ་གསུམ་གྱི་སློབ་ཆུང་གསུམ་དང་། བུ་བཅོལ་ཁང་བཅུའི་ནང་སློབ་སྦྱོང་བྱེད་བཞིན་པ་ཚང་མ་དིང་རི་རྫོང་ཆགས་ས་ཤེལ་དཀར་དུ་འགྲོ་རྒྱུ་ཡིན་པ་བརྗོད་བྱུང་།
དེ་བཞིན་ཁང་གཞིས་བསྐྱར་བཟོའི་ལས་དོན་དང་འབྲེལ་གནོད་སྐྱོན་ཆེ་ཤོས་ཐེབས་ས་གྲོང་ཚོ་གཉིས། དགུ་རུམ་དང་ཟེར་དཀར་གྲོང་ཚོ་གཉིས་བསྐྱར་སྐྲུན་ཆེད་དུ་རྒྱ་རིགས་ལས་བཟོ་བ་མང་པོ་འབྱོར་ཡོད་འདུག་ཀྱང་། གནས་སྐབས་ལྷགས་རླུང་གིས་རྐྱེན་པས་ས་རྡོ་འོར་འདྲེན་ལ་ཤུགས་རྐྱེན་ཐེབས་རྐྱེན་ལྷགས་རླུང་ཞོད་འཇགས་བྱུང་མཚམས་ནས་ཁང་གཞིས་བསྐྱར་བཟོ་བྱེད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་ལ། གྲོང་ཚོ་གཞན་ཁག་ལ་ལས་བཟོ་རུ་ཁག་མི་འདྲ་བ་རེ་རེ་འབྱོར་རྒྱུ་ཡིན་པ་དང་། ཁང་གཞིས་གསར་སྐྲུན་ཐོག་ལ་གཞུང་རང་གིས་བཀོད་སྒྲིག་གཞིར་བཟུང་ལས་དོ་བདག་གིས་འདོད་མོས་ལྟར་བྱེད་རྒྱུ་མེད་པ། ཅི་སྟེ་དེ་ལྟར་བྱུང་ཚེ་གཞུང་གི་རོགས་སྐྱོར་མཚམས་འཇོག་བྱེད་རྒྱུ་ཡིན་པ་དང་། མ་ཟད་དེ་སྔའི་ས་ཁང་གཙང་བཟོ་བྱས་པའི་ས་རྣམས་གཞུང་གི་བདག་དབང་ཡིན་པས་གང་བྱུང་བྱེད་མི་ཆོག་པའི་བཀོད་ཁྱབ་ཀྱང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་དགོན་པ་གྲྭ་ཚང་ཁག་བསྐྱར་བཟོའི་ལས་དོན་ཐད་ལ་ད་ལྟའང་བྱེད་འཆར་གང་ཡང་ཡོད་ཚོད་མེད་པ་འགྲེལ་བརྗོད་གནང་བྱུང་ལ། དམིགས་བསལ་དུ་མཚོ་སྒོ་ཆོས་སྟོད་ལྟ་བུ་ཉམས་བཟོ་གྲུབ་སྟེ་དབུ་འབྱེད་གནང་ནས་ཟླ་བ་གཅིག་ཙམ་རྗེས་ས་ཡོམ་གྱིས་ཐལ་བའི་རྡུལ་དུ་བརླགས་ཀྱང་དེ་ལ་གཞུང་དང་འབྲེལ་ཡོད་ཆོས་བརྒྱུད་སོགས་གང་ནས་ཀྱང་ལྟ་རྟོག་གང་ཡང་མེད་པར་ལུས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་གཞུང་སྒེར་གྱི་རོགས་སྐྱོར་ཐད་ནས། ས་ཡོམ་གྱི་གོད་ཆགས་བྱུང་རྗེས་ཀྱི་ཉིན་གྲངས་བཅུ་ཙམ་ནས་སྒེར་པའི་རོགས་སྐྱོར་ཁག་རྫོང་དུ་ལེན་པ་ལས་ས་གནས་ས་ཐོག་ཏུ་གཏོང་གི་མེད་པ་རེད་འདུག་ལ། སྡེབ་གསོག་བྱས་པའི་རོགས་སྐྱོར་དེ་དག་གི་ངོ་བོ་ཡང་གཞུང་ནས་གནང་བའི་ངོ་བཟོའི་ཐོག་ནས་ཐོག་མར་ཟ་འབྲུའི་རིགས་དང་མེ་ཤིང་སོགས་ཀྱི་དགོས་མཁོའི་རོགས་སྐྱོར་ཁག་རག་གི་ཡོད་རུང་། ད་ལྟའི་ཆར་ཉིན་རེའི་འཚོ་བ་སྔར་རྒྱུན་ལྟར་དུ་སྐྱེལ་དགོས་པ་བརྗོད་བྱུང་།
མ་ཟད་ས་ཡོམ་ཆུང་ཙག་དེ་འདྲ་དེང་སང་ཡང་མུ་མཐུད་ནས་རྒྱག་བཞིན་ཡོད་པ་དང་། དམིགས་བསལ་ས་གནས་མི་མང་ལ་དཀའ་ཁག་ཆེ་བ་ཞིག་ནི་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མི་ཆོག་པ། འབྲེལ་བ་བྱས་པ་ཤེས་རྟོགས་བྱུང་ཚེ་ཁྲིམས་གྱིས་ཆད་པ་གཅོད་རྒྱུ་ཡིན་པ་སོགས་ཀྱི་གནོན་ཤུགས་ཀྱི་རྐྱེན་པས་ཕྱི་མིའི་འབྲེལ་ལམ་བཀག་སྟེ། ཕྱི་ཕྱོགས་སུའང་ས་གནས་ཀྱི་དངོས་ཡོད་གནས་ཚུལ་ཁ་གསལ་གཏིང་གསལ་ཤེས་རྟོགས་ལ་དཀའ་ཁག་རིམ་པར་འཕྲད་བཞིན་འདུག
རྩ་བའི་ཉེ་ལམ་བོད་ནང་བྱུང་བའི་ས་ཡོམ་གྱི་གོད་ཆགས་འོག་འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བའི་རྐྱེན་འདས་གྲངས་འབོར་ ༡༣༤ དང་། གོད་ཆག་བྱུང་བའི་དགོན་སྡེ་གྲྭ་ཚང་དེ་སྔ་ཤེས་རྟོགས་བྱུང་བ་ ༡༣ ཐོག ད་དུང་ལྷ་རྩེ་ཁུལ་དུ་མང་མཁར་མུ་གུ་ལུང་དགོན། ལྷ་རྩེ་ཆུ་ཤར་དུ་ཡོད་པའི་ས་སྐྱ་ཚར་པའི་གདན་ས་འདར་གྲང་མོ་ཆེ་དགོན། གྲའུ་ཁུལ་དུ་ཡོད་པའི་སེངྒེ་ལུང་མངོན་དགའ་ཆོས་སྡེ། མང་བུ་ཁུལ་དུ་ཆགས་པའི་བི་རི་བཙུན་དགོན། ཟངས་ལྡན་དགོན་པའི་མཐོང་གྲོལ་མཆོད་རྟེན། ས་སྐྱ་ཆོས་འཁོར་ལྷུན་པོ་དགོན། སྨུ་དགོན་ཁང་། བྲག་དམར་དགེ་འཕེལ། ལོ་ལོ་དགོན་པ་སོགས་ཁྱོན་བསྡོམས་དགོན་ཁག་ཉི་ཤུ་ལྷག་ལ་གཏོར་སྐྱོན་བྱུང་བ་ཤེས་རྟོགས་བྱུང་ལ། རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བ་ལྟར་ན་ཁང་ཁྱིམ་ ༣༦༠༠ བརྒལ་བ་གཏོར་ཞིག་ཏུ་ཕྱིན་པ་བཤད་ཡོད་པ་རེད། །