འདས་པའི་ལོ་དེར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་འདུག

རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཉུང་དུ་སོང་།

༄༅།། རྒྱ་ནག་གཞུང་གིས་མི་འབོར་འཕེལ་རྒྱས་གཏོང་རྒྱུའི་འབད་བརྩོན་བྱས་ཀྱང་སྔ་ལོ་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཧ་ཅང་ཉུང་དུ་སོང་། དེ་ནི་ལོ་ལྔ་བསྟུད་མར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་ཏེ་མི་འབོར་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་ཡོད་པའི་གསར་འགྱུར་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི་བུ་ཕྲུག་གསོ་སྐྱོང་བྱ་རྒྱུར་དཀའ་ངལ་དང་འགྲོ་གྲོན་ཆེ་ཞིང་། པྲོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ཉམས་ནས་སློབ་ཆེན་ཐོན་པ་ཚོར་ལས་ཀ་མེད། གལ་ཏེ་ལས་ཀ་ཞིག་རག་པའི་དབང་དུ་བཏང་རུང་གླ་ཕོགས་དམའ་མོ་དང་གླ་ཕོགས་ཉུང་འཕྲི། སྤྱི་སྒེར་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་ཉུང་དུ་བཏང་སྟེ་ན་གཞོན་ཚོ་ཕོ་ཧྲེང་མོ་ཧྲེང་གི་འཚོ་བའི་ལམ་དུ་ཞུགས། ཁོ་ཚོར་ལས་ཀ་བརྟན་པོ་དང་གླ་ཕོགས་རྒྱུན་ཆད་མེད་པ་ཞིག་མེད་པས་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་འཛིན་རྒྱུ་བསྐྱུར་དགོས་པར་གྱུར།།

རྒྱ་ནག་གི་མི་འབོར་རིག་པ་བ་དབྱི་ཧྥུ་ཤཱན།

༢༠༢༤་ལོར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་མི་གྲངས་ས་ཡ་༦.༡་ལས་བྱུང་མེད་པ་དང་༢༠༢༣་ལོར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་མི་གྲངས་ས་ཡ་༧.༦༨་བྱུང་ཞིང་། ཨ་རིའི་ཝི་སི་ཀོན་སིན་མངའ་སྡེའི་མེ་ཌི་སན་སློབ་གྲྭ་ཆེན་མོའི་མི་འབོར་རིག་པ་བ་དབྱི་ཧྥུ་ཤན་(Yi Fuxian)་གྱིས་བཤད་པ་ལྟར་ན། སྔ་ལོ་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་པ་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་རེད། ཐ་ན་༢༠༢༠་ལོར་པྲོག་དབྱིབས་ནད་དུག་ཁྱབ་པའི་དུས་སུའང་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་བརྒྱ་ཆ་༡༢.༢་མང་དུ་ཕྱིན་འདུག ན་ནིང་རྒྱ་ནག་ཏུ་གཉེན་སྒྲིག་བྱས་པའི་མི་གྲངས་ཀྱིས་༢༠༡༣་ལོར་རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ས་ཡ་༡༢.༤༧་བྱུང་བ་དེའི་ཕྱེད་ཀ་ཡང་མ་ལོངས་པ་རེད། རྒྱ་ནག་ཏུ་ལོ་ལྟར་གཉེན་སྒྲིག་བྱེད་མཁན་ཉུང་དུ་ཕྱིན་ན་དམར་ཤོག་སྲིད་གཞུང་དེས་ཆབ་སྲིད་དང་དཔལ་འབྱོར་གྱི་ཧམ་སེམས་ཆེན་པོ་ཞིག་བཅངས་ཡོད་པ་མངོན་དུ་འགྱུར་ཐུབ་རྒྱུ་དཀའ་བར་སྣང་ཞེས་བསྟན།།

ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་གིས་ན་གཞོན་ཚོར་གཉེན་སྒྲིག་བྱེད་དུ་བཅུག་ནས་མི་འབོར་འཕེལ་རྒྱས་གཏོང་རྒྱུ་ནི་གནད་འགག་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད་མོད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་ལམ་ལུགས་དང་འཚོ་བའི་མཐུན་རྐྱེན་སོགས་ཀྱིས་ཕྲུ་གུ་སྐྱེས་ན་མ་འོངས་པར་མདུན་ལམ་བཟང་པོ་ཞིག་བསྐྲུན་དཀའ། ད་དུང་དུས་རབས་སྔོན་མའི་ལོ་རབས་༧༠་པ་ནས་༢༠༡༥་བར་དུ་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། དེར་བརྟེན་རྒྱ་ནག་པ་ཚོ་བཟའ་མི་ཉུང་ཉུང་དང་ཁྱིམ་ཚང་ཆུང་ཆུང་ལ་གོམས། རྒྱ་ནག་གི་ན་གཞོན་ཚོའི་ཤེས་ཚད་མཐོ་རུ་ཕྱིན་པའི་ཞོར་དུ་ཕོ་མོ་གཉིས་ཀས་རང་གི་ཆེད་ལས་གཉེན་རྒྱུ་གཙིགས་སུ་བཟུང་སྟེ་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་འཛིན་རྒྱུར་མ་འཐད། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་ལོ་༦༠་ཡན་ཆད་དུ་སོན་པའི་མི་གྲངས་དུང་ཕྱུར་༣་ལྷག་ཡོད་པ་དེ་རྣམས་རྒས་ཡོལ་དུ་འགྲོ་བའི་དུས་སུ་བསླེབས།།

རྒྱ་ནག་གི་བཟའ་ཚང་ཚོ་སྡེབ་ཚོགས་གཉེན་སྒྲིག་ལ་ཞུགས།

རྒྱ་ནག་ཏུ་གཉེན་སྒྲིག་བྱེད་མཁན་ཉུང་དུ་འགྲོ་བཞིན་པའི་སྟེང་དུ་བཟའ་ཚང་འཐོར་མཁན་མང་དུ་འགྲོ་བཞིན་ཡོད་པ་སྟེ། ན་ནིང་ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༤་ལོའི་འགོ་སྟོད་ཟླ་བ་དྲུག་གི་རིང་རྒྱ་ནག་ཏུ་བཟའ་ཚང་འཐོར་མཁན་ས་ཡ་༡་དང་འབུམ་༣་བྱུང་ཡོད་པར་མ་ཟད། འགའ་ཞིག་གིས་གཉེན་སྒྲིག་སྐབས་སུ་སྒྲོན་པའི་པར་སྒྲོམ་ནང་གི་འདྲ་པར་ཡང་གཙབ་རལ་དུ་བཏང་སྟེ་ཤོག་སྙིགས་སུ་བསྒྱུར། ལིའུ་ཝེ་(Liu Wei)་ཞེས་པའི་རྒྱ་མི་ཞིག་གིས་པེ་ཅིང་གི་གཞུང་གཉེར་སྨན་སྦྱོར་ཁང་ཞིག་ནས་དགོངས་པ་ཞུས། ཁོ་པས་༢༠༢༢་ལོ་ནས་ཤོག་རལ་འཕྲུལ་ཆས་བཙུགས་ཏེ་བཟའ་ཚང་ཁ་འཐོར་ཕྱིན་པ་ཚོའི་གཉེན་སྒྲིག་གི་འདྲ་པར་རྣམས་གཙབ་རལ་གཏོང་བའི་ཚོང་ལས་གཉེར། ཁོ་པས་བཟའ་ཚང་ཁ་འཐོར་ཕྱིན་པ་དེ་དག་གིས་སོ་སོའི་གཉེན་སྒྲིག་འདྲ་པར་རྣམས་ཤོག་སྙིགས་ལ་བསྒྱུར་དུ་འཇུག་གི་འདུག ང་ནི་གཉེན་སྒྲིག་འདྲ་པར་མེད་པར་གཏོང་མཁན་པུར་སྲེག་ཁང་ལྟ་བུ་ཞིག་ཏུ་གྱུར་ཡོད། དེང་སྐབས་གཉེན་སྒྲིག་གི་འདྲ་པར་གཙབ་རལ་ཏུ་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཀྲལ།།

༢༠༡༦་ནས་༢༠༢༠་བར་དུ་རྒྱ་ནག་གི་སྤྱི་ཚོགས་སུ་བཟའ་ཚང་འཐོར་མཁན་མི་ས་ཡ་༤་ལྷག་བྱུང་། དེས་ན་རྒྱ་ནག་གཞུང་གིས་བཟའ་ཚང་འཐོར་མཁན་ཚོར་དངོས་འབྲེལ་འཐོར་རྒྱུ་ཡིན་མིན་བསམ་ཞིབ་བྱས་ནས་ཐག་གཅོད་བྱེད་པའི་དུས་ཚོད་ཟླ་བ་གཅིག་རེ་སྤྲད། ཟླ་བ་གཅིག་གི་ནང་དུ་བཟའ་ཚང་ཁག་ཅིག་བསྐྱར་དུ་འགྲིགས་ཏེ་འཐོར་མཁན་ཉུང་དུ་ཕྱིན་པ་དང་རྒྱ་ནག་གཞུང་གིས་སྲོལ་རྒྱུན་ལྟར་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེ་དགོས་ཞེས་ལས་འགུལ་སྤེལ། རྒྱ་ནག་ཏུ་ཕྱུག་པོ་དང་འབྱོར་འབྲིང་བ་ཅི་ཙམ་མང་དུ་ཕྱིན་ན་དེ་ཙམ་གྱིས་ཆས་གོས་སྣ་ཚོགས་གྱོན་ཏེ་ས་གནས་འདྲ་མིན་དུ་བསྐྱོད། ཕོ་མོ་དེ་དག་གིས་ཆུ་ཚོད་མང་པོའི་རིང་ཨ་སྒོར་སྟོང་ཕྲག་འགའ་ཞིག་འགྲོ་གྲོན་བཏང་ནས་གཉེན་སྒྲིག་གི་སྔོན་འགྲོའི་འདྲ་པར་རྫིག་པོ་རྣམས་བླངས། གཉེན་སྟོན་རྗེས་སུ་འདྲ་པར་དེ་རྣམས་ཁྱིམ་དུ་བཀལ། བཟའ་ཚང་འཐོར་བའི་རྗེས་སུ་མིའི་གཟུགས་ཚད་དང་མཉམ་པའི་གཉེན་སྒྲིག་གི་པར་སྒྲོམ་རྣམས་བཤམས་ནས་འཇོག་ས་མ་རྙེད།།

རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས།

ཕྱི་ཟླ་༢་པའི་ཚེས་༡༠་ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཝི་པོ་དྲྭ་ཚིགས་སུ་ཕོ་གསར་ཞིག་གིས་ངས་ཕ་མ་གཉིས་ལ་མ་བརྟེན་པར་ཁང་ཞིག་ཀྱང་ཉོ་མ་ཐུབ་པ་དང་གཉེན་སྒྲིག་བྱ་རྒྱུ་ནི་འགྲོ་གྲོན་ཆེན་པོ་རེད། ད་ལོ་ང་ལ་གློ་བུར་དུ་མི་ཧྲེང་གི་འཚོ་བར་རོལ་ན་སྐྱིད་པོ་རེད་བསམས་པའི་ཚོར་སྣང་ཞིག་བྱུང་། མི་ཧྲེང་ཡིན་ན་འཚོ་བའི་གནོན་ཤུགས་ཆུང་བ་དང་རང་གིས་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་སྒོར་རྣམས་སོ་སོས་ལོངས་སུ་སྤྱད་ན་སྟབས་བདེ་རེད་ཅེས་མཆན་ཞིག་བྲིས། ཕོ་གསར་དེའི་མཆན་དེས་རྒྱ་ནག་གི་ན་གཞོན་བྱིངས་ཀྱི་བསམ་བློའི་འདུ་ཤེས་མཚོན་ནུས། རྒྱ་ནག་ལ་གཉེན་སྒྲིག་བྱེད་མཁན་ཉུང་བ་དང་ཕྲུ་གུ་སྐྱེ་མཁན་ཅི་ཙམ་ཉུང་དུ་ཕྱིན་ན་དེ་ཙམ་གྱིས་ན་གཞོན་ངལ་རྩོལ་བ་ཉུང་དུ་ཕྱིན་ཏེ་རྒན་རྒོན་ཚོར་རྒས་ཕགས་དང་སྨན་བཅོས་ཀྱི་འགྲོ་གྲོན་ཡོང་ཁུངས་མེད་པར་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ལྡོག་ཏུ་མེད། ན་ནིང་ཕྱི་ཟླ་༩་པའི་ནང་རྒྱ་ནག་གཞུང་གིས་རྒན་ཡོལ་གྱི་ལོ་ཚད་མཐོ་རུ་བཏང་སྟེ་རྒས་ཕོགས་དང་སྨན་བཅོས་ཀྱི་འགྲོ་གྲོན་བསྲི་ཆགས་བྱེད་པའི་ཐབས་ལམ་ཤིག་བཙལ།།

རྒྱ་ནག་གི་རྒན་རྒོན་མི་འབོར།

རྒྱ་ནག་གི་ངལ་རྩོལ་བའི་ལོ་ཚད་ནི་ལོ་༡༦་ནས་༥༩་བར་དུ་གཏན་འབེབས་བྱས་ཡོད་ཅིང་། སྔ་ལོ་རྒྱ་ནག་གི་ངལ་རྩོལ་བའི་མི་གྲངས་ས་ཡ་༦.༨༣་ཉུང་དུ་ཕྱིན་པ་དང་ལོ་༦༠་ཡན་ཆད་ཀྱི་མི་གྲངས་འཕར། ད་ལྟ་རྒྱ་ནག་གི་མི་འབོར་བརྒྱ་ཆ་༢༢་ལོ་༦༠་ཡན་ཆད་དུ་སོན། རྒྱ་ནག་གི་འགོ་ཁྲིད་ཚོས་གཉེན་སྒྲིག་བྱེད་མཁན་ཉུང་བ་དང་ཕྲུ་གུ་གསར་སྐྱེས་ཉུང་བ་གཉིས་ལ་ཐད་ཀར་འབྲེལ་བ་ཡོད་པ་ངོས་ཟིན་ཡང་བྱ་ཐབས་ཟད། ཉེ་བའི་ལོ་ངོ་རེ་ཟུང་ནས་རྒྱ་ནག་གཞུང་གིས་ན་གཞོན་གཉེན་སྒྲིག་བྱེད་མཁན་ཚོར་དངུལ་སྒོར་རོགས་སྐྱོར་དང་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེས་ན་རླབས་ཆེན་རེད་ཅེས་གསོལ་རས་སྤྲད། རྒྱ་གཞུང་གིས་ན་གཞོན་ཕོ་མོ་རྣམས་མཉམ་འཛོམས་དུས་སྟོན་བཙུགས། ཕོ་གསར་ཚོས་མནའ་མ་ལེན་གྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་བག་རིན་ཨ་སྒོར་ཁྲི་ཚོ་མང་པོ་སྤྲོད་དགོས་པས་དབུལ་ཕོངས་ཀྱི་ཁྱིམ་ཚང་ཁག་ལ་མནའ་མའི་བག་རིན་སྤྲོད་རྒྱུ་མེད་པར་ལུས།།

༢༠༢༢་ནས་རྒྱ་ནག་གི་བཟའ་མི་འཆར་འགོད་ལྷན་ཚོགས་ཀྱིས་དུས་རབས་གསར་པའི་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་བའི་རིག་གཞུང་དར་སྤེལ་གཏང་དགོས་ཞེས་དྲིལ་བསྒྲགས་བྱས་ནས་གྲོང་ཁྱེར་འགའ་ཞིག་གི་ནང་དུ་ལས་འགུལ་དེ་དངོས་སུ་མགོ་བརྩམས། རྒྱ་གཞུང་གིས་ན་གཞོན་ཚོས་སྔ་ཙམ་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེ་དགོས་ཞེས་ནན་གྱིས་བསྐུལ་ཡང་ཕན་ཐོགས་མ་བྱུང་། སི་ཨེན་ཨེན་གསར་ཁང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ནས་ན་གཞོན་ཚོར་ལས་ཀ་བཀོད་སྒྲིག་བྱེད་མ་ཐུབ་པ་དང་འཚོ་བའི་གནས་སྟངས་ཡག་ཏུ་གཏོང་མ་ཐུབ། རྒྱ་ནག་གི་ན་གཞོན་ཚོར་རྒས་དུས་སྨན་བཅོས་དང་རྒས་ཕོགས་ཀྱི་དམིགས་སྒོ་བརྟན་པོ་ཞིག་མེད་ན་གཉེན་སྒྲིག་བྱ་རྒྱུ་ཁག་པོ་རེད། ན་གཞོན་ཚོས་གཉེན་སྒྲིག་བྱ་རྒྱུ་འགྱངས་པ་དང་མི་ཧྲེང་གི་འཚོ་བར་རོལ་གྱི་ཡོད་པ་ནི་དཔལ་འབྱོར་གྱི་དཀའ་ངལ་རེད། མི་ཧྲེང་ཚོས་རང་ཁ་གསོ་ཐུབ་ཀྱི་མེད་ན་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་འཛིན་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ་བ་ཞིག་རེད་ཅེས་གསར་འགྱུར་སྤེལ་འདུག