ཡུག་ཀེ་རན་དང་ཨུ་རུ་སུའི་དམག་འཁྲུག་མུ་མཐུད་བཞིན་པ།

ཡུག་ཀེ་རན་གྱི་ཌོན་ནེ་ཚི་ཁི་ས་ཁུལ་གྱི་ཌོ་བྷ་རོ་ཕི་ལི་ཡ་ཞེས་སུ་འབོད་པའི་ས་ཆ་ལ་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་ཐེབས་པ།

ཡུག་ཀེ་རན་ནང་སྲིད་ལས་ཁུངས་ཀྱིས་སྤྱི་ཟླ་༣ པའི་ཚེས་༨ རེས་གཟའ་སྤེན་པའི་ཉིན་བརྗོད་དོན་ལྟར་ན། ཨུ་རུ་སུའི་དམག་དཔུང་གིས་རེས་གཟའ་པ་སངས་ཀྱི་དགོང་མོ་ནམ་དཀྱིལ་ཙམ་ལ་ཡུག་ཀེ་རན་གྱི་ཌོན་ནེ་ཚི་ཁི་ས་ཁུལ་གྱི་ཌོ་བྷ་རོ་ཕི་ལི་ཡ་ཞེས་སུ་འབོད་པའི་ས་ཆ་ལ་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག།

ཡུག་ཀེ་རན་ནང་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ཨུ་རུ་སུའི་དམག་མིས་རྒོལ་རྡུང་བྱེད་སྐབས། མདའ་འཕེན་མེ་སྒྱོགས་དང་། མདེལ་ཁུང་མང་པོ་ཡོད་པའི་མེ་སྒྱོགས། དེ་བཞིན་མི་མེད་གནམ་གྲུ་བཅས་བེད་སྤྱད་བཏང་ཡོད་པར་མ་ཟད། ཐོག་བརྩེགས་ཅན་གྱི་ཁང་པ་༨ དང་། རླངས་འཁོར་༣༠ ལ་གནོད་སྐྱོན་བཟོས་ཡོད་ཅིང་། རྒོལ་རྡུང་དེའི་ནང་མི་༡༤ ཙམ་འདས་གྲོངས་ཕྱིན་ཡོད་པ་དང་། མི་༣༧ ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ཁོངས་སུ་བྱིས་པ་ལྔ་ཡང་ཚུད་ཡོད་འདུག།

ཡུག་ཀེ་རན་ཛ་དྲག་ཞབས་ཞུ་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་པར་རིས་ལས་མེ་གསོད་མཁན་ཚོས་མེ་གསོད་བཞིན་པའི་རྣམ་པ་གསལ་པོ་མཐོང་ཐུབ་ཀྱི་ཡོད་ཅིང་། ཨ་མེ་རི་ཁ་དང་ཡུ་རོབ་ཀྱི་འབྲེལ་བར་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར། ཨུ་རུ་སུ་དང་ཡུག་ཀེ་རན་གཉིས་དབར་གྱི་དམག་འཁྲུག་དེ་བཞིན་དལ་དུ་འགྲོ་བའི་གནས་སྟངས་མཐོང་གི་མེད་པར་མུ་མཐུད་བཞིན་ཡོད་པ་རེད།