ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༤/༣༠

ཕོ་བྲང་དཀར་པོས་ཊམ་གྱི་གྷ་ཛའི་འཆར་གཞིའི་ཐད་གསལ་བཤད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཁ་རོ་ལིན་ལི་ཝི་ཊི་ལགས་ཀྱིས་དྲི་བར་ལན་འདེབས་གནང་བཞིན་པ།

པ་ལེ་སི་ཐན་གྱི་མི་འབུམ་ལྔ་ལྷམ་ཙམ་ད་ཆ་གྷ་ཛ་ལུང་གཤོངས་སུ་འཛུལ་ཚར་ཡོད་པ་དང་། དེ་ནི་པ་ལེ་སི་ཐན་སྤྱིའི་མི་འབོར་གྱི་བཞི་ཆ་གཅིག་ཙམ་ཡིན་པ་རེད། སྲིད་འཛིན་ཊམ་གྱི་རེས་གཟའ་མིག་དམར་ཉིན་ལ་ཨ་རིས་གྷ་ཛ་ལུང་གཤོངས་ལ་བདག་པོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དེར་ཡང་ཁོང་ཚོས་ཅི་མི་སྙམ་ད་དུང་མུ་མཐུད་ནས་གྷ་ཛར་གནས་སྤོ་ཡོང་གི་ཡོད་པ་རེད།

པ་ལི་སི་ཐན་གྱི་བུད་མེད་སཱ་མི་ལ་ཟ་ཧེར་ཞེས་སུ་འབོད་པ་ཞིག་གིས། “གལ་ཏེ་ཊམ་གྱིས་ང་ཚོ་མཐའ་སྤྲོད་གཏང་ཐུབ་ཀྱི་ཡོད་བསམ་གྱི་ཡོད་ན། ཁོ་རང་ལ་རྨི་ལམ་དེ་མུ་མཐུད་ནས་རྨི་རུ་འཇུག།” ཅེས་བརྗོད་འདུག

རེས་གཟའ་མིག་དམར་ཉིན། སྲིད་འཛིན་ཊམ་ལ་གྷ་ཛ་བདག་བཟུང་བྱ་ཕྱིར་ཨ་རིའི་དམག་མི་གཏང་རྒྱུ་ཡིན་མིན་སྐོར་དྲི་བ་འདྲི་སྐབས་ཁོང་གིས།

"གྷ་ཛའི་གནད་དོན་ཐད། ང་ཚོས་དགོས་ངེས་ཀྱི་ལས་ཀ་བྱེད་ཀྱི་རེད། གལ་ཏེ་དགོས་མཁོ་བྱུང་ན། ང་ཚོས་དེ་ལྟར་བྱ་རྒྱུ་ཡིན། ང་ཚོས་ས་ཁུལ་དེ་བདག་པོ་རྒྱག་གི་ཡིན། "

༢༠༢༥ ལོའི་ཟླ་བ་༢ པའི་ཚེས་ཉིན། སྲིད་འཛིན་ཊམ་མཆོག་དང་འཚམས་འདྲིར་འབྱོར་བའི་ཨི་སི་རལ་གྱི་སྲིད་བློན་བྷན་ཇཱ་མེན་ནེ་ཐ་ཡ་ཧུ་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ཚོམས་ཆེན་ཤར་མའི་གསར་འགོད་ལྷན་ཚོགས་ཚུགས་ཡུལ་ལ་ཕེབས་བཞིན་པའི་ངང་ཚུལ།
༢༠༢༥ ལོའི་ཟླ་བ་༢ པའི་ཚེས་ཉིན། སྲིད་འཛིན་ཊམ་མཆོག་དང་འཚམས་འདྲིར་འབྱོར་བའི་ཨི་སི་རལ་གྱི་སྲིད་བློན་བྷན་ཇཱ་མེན་ནེ་ཐ་ཡ་ཧུ་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ཚོམས་ཆེན་ཤར་མའི་གསར་འགོད་ལྷན་ཚོགས་ཚུགས་ཡུལ་ལ་ཕེབས་བཞིན་པའི་ངང་ཚུལ།

ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཀ་རོ་ལིན་ལི་ཝིཊ་ལགས་ཀྱིས་རེས་གཟའ་ལྷག་པའི་ཉིན་ལ་སྲིད་འཛིན་མཆོག་གི་བཀའ་མོལ་ཐད་གསལ་བཤད་གནང་གསལ་དུ།

"སྲིད་འཛིན་མཆོག་གི་བཀའ་མོལ་དེ་ནི་ཨ་རིའི་དམག་མི་གྷ་ཛར་འཛུལ་རྒྱུ་ཡིན་པའི་དོན་མ་རེད། དེས་ཨ་རིའི་ཁྲལ་འབབ་སྤྲོད་མཁན་ཚོས་ལས་གཞི་འདིར་མ་དངུལ་གཏོང་རྒྱུ་ཞེས་པའི་དོན་ཡང་མ་རེད། དེའི་དོན་ངོ་མ་ནི་འཛམ་གླིང་ནང་གི་ཚོང་གཏམ་ལ་མཁས་ཤོས་ཡིན་པའི་ཌོ་ནལ་ཊམ་གྱིས་ས་ཁུལ་དེའི་མཐུན་གྲོགས་དང་མཉམ་ལས་ཀྱིས་གྲོས་མཐུན་འཇོག་རྒྱུ་དེ་ཡིན་པ་རེད།"

འོན་ཀྱང་ས་ཁུལ་དེའི་མཉམ་ལས་བྱ་ཡུལ་གྱི་ཡུལ་གྲུ་ཁག་གིས་བསམ་ཚུལ་དེར་སྐྱོན་བརྗོད་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཊམ་གྱིས་པ་ལེ་སི་ཐན་གྱི་སྐྱབས་བཅོལ་ངོས་ལེན་བྱེད་དགོས་པའི་རེ་འདུན་འདོན་ཡུལ་ཇོར་ཌན་དང་ཨི་ཅིབ་གཉིས་ཀྱང་ཚུད་ཡོད་པ་རེད།

ཇོར་ཌན་གྱི་རྒྱལ་པོ་ཨབ་དུལ་ལ་ཡིས་རེས་གཟའ་ལྷག་པའི་ཉིན་ལ་པ་ལེ་སི་ཐན་སྲིད་འཛིན་མ་ཧ་མུ་དྷི་ཨབ་བྷ་སི་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་ཡང་ཉིན་དེ་རང་ལ་པ་ལེ་སི་ཐན་གྱི་གནད་ཡོད་མི་སྣ་ཚོས་ཁེ་རོ་ནས་ཨི་ཅིབ་ཀྱི་ཕྱི་སྲིད་བློན་ཆེན་དང་ཡང་མཇལ་འཕྲད་གནང་ནས་རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་གྱི་དགོས་མཁོ་དང་གལ་གནད་སྐོར་ལ་ནན་བརྗོད་གནང་འདུག།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨན་ཐོ་ནཱི་གྷུ་ཊེར་རེ་སི་ཡིས་ཀྱང་རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་སྐོར་ལ་དེ་བཞིན་གསུངས་འདུག

"རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྨང་གཞིར་གནས་རྒྱུ་གལ་ཆེན་པོ་རེད། རྣམ་པ་ཅི་རིགས་ཀྱི་མི་རིགས་གཙང་སེལ་གྱི་ལས་ཀ་མི་ཡོང་བ་བྱ་དགོས་པ་དེ་གལ་འགངས་ཆེན་པོ་རེད། "

ཨ་རབ་ཀྱི་དཀྱིལ་འཁོར་ནང་གི་ས་ཁམས་ཆབ་སྲིད་དང་རིག་གཞུང་གི་སྣེ་ཁྲིད་མཁན་སོ་ཌི་ཨ་རབ་ཀྱིས་རྒྱལ་ཁབ་བརྙན་འཕྲིན་ཐོག་པ་ལེ་སི་ཐན་ལ་རྒྱལ་ཁབ་འཛུགས་འཇུག་རྒྱུ་རྒྱབ་སྐྱོར་ཡོད་པ་དེ་ནི་"བློ་བརྟན་འགྱུར་བ་མེད་པར་རྟག་ཏུ་གནས་པའི་རང་བཞིན་ཞིག་ཡིན། "ཞེས་བརྗོད་འདུག།

དེ་བཞིན་ཨ་རབ་ཀྱིས་"ལངས་ཕྱོགས་བརྟན་པོ་འདི་ལ་གྲོས་མོལ་བྱ་རྒྱུ་མེད་ལ་གོང་གཏམ་རྒྱུ་ཡང་མེད། "ཅེས་ཀྱང་གསལ་པོ་བརྗོད་ཡོད་པ་རེད།

གསལ་བསྒྲགས་དེ་བཞིན་ཊམ་གྱི་རེས་གཟའ་མིག་དམར་ཉིན་གྱི་བཀའ་མོལ་དང་འགལ་ཟླ་ཆགས་ཡོད་པ་དང་། ཊམ་གྱིས་སྐབས་དེར་གྷ་ཛའི་ངོས་ནས་པ་ལེ་སི་ཐན་གྱི་རྒྱལ་ཁབ་འཛུགས་རྒྱུའི་དགོས་འདུན་བཏོན་མེད་ཅེས་གསུངས་ཡོད་པ་དང་། སྲིད་འཛིན་ཊམ་གྱིས་"སོ་ཌི་ཨ་རབ་ཀྱིས་རོགས་རམ་ཆེན་པོ་གནང་གི་རེད། ཁོང་ཚོས་ད་ལྟའི་བར་དུ་རོགས་རམ་གནང་བ་རེད། ཁོང་ཚོས་དཀྱིལ་ཤར་མངའ་ཁུལ་ལ་ཞི་བདེ་ཡོང་བའི་ཞེ་འདོད་ཡོད་པ་རེད། "ཅེས་གསུངས་འདུག

དེ་སྔོན་སོ་ཌི་ཨ་རབ་ཀྱིས་བདེ་འཇགས་དང་ནུས་ཁུངས་ཐོབ་ཆེད་བྷ་ཌན་གཞུང་དང་གྲོལ་མོལ་བྱས་ཏེ། ཨི་སི་རལ་ངོས་འཛིན་བྱ་རྒྱུའི་གྲོས་མོལ་བྱས་ཡོད་ཀྱང་། ༢༠༢༣ ལོའི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་ཨི་སི་རལ་ལ་འཇམ་རྒོལ་བྱས་རྗེས་ཨི་སི་རལ་གྱིས་ཕར་རྒོལ་བྱས་ནས་གྲོས་མོལ་དེ་མཚམས་ཆད་ཡོད་པ་རེད།

ཨི་ཅིབ་དང་། སོ་ཌི་ཨ་རབ། ཇོར་ཌན། ཁ་ཐར་སོགས་ཀྱིས་ཚོགས་འདུ་འཚོག་བཞིན་པ།
ཨི་ཅིབ་དང་། སོ་ཌི་ཨ་རབ། ཇོར་ཌན། ཁ་ཐར་སོགས་ཀྱིས་ཚོགས་འདུ་འཚོག་བཞིན་པ།

གལ་ཏེ་གྲོས་མོལ་དེ་བརྒྱུད་ནས་གྲོས་མཐུན་ཞིག་བཞག་ཐུབ་ཡོད་ཚེ། ༢༠༢༠ ལོར་ཊམ་གྱིས་བརྒྱུད་བསྐུལ་འོག་བཞག་པའི་ཨབ་ར་ཧམ་གྲོས་མཐུན་དེ་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་པར་མ་ཟད། ཨི་སི་རལ་དང་ཨ་རབ་རྒྱལ་ཁབ་ཁག་དབར་གྱི་འབྲེལ་ལམ་ལྡན་ཅན་དུ་གཏང་རྒྱུ་ཡིན་པ་རེད། ཡིན་ནའང་། ད་ཆ་སོ་ཌི་ཨ་རབ་ཀྱིས་སྔར་ལས་ལྷག་པར་ཧ་ཅང་གཟབ་གཟབ་བྱེད་ཀྱི་ཡོད་པ་རེད།

ལོན་ཏོན་སྲིད་དོན་དཔལ་འབྱོར་སློབ་གླིང་གི་ཉམས་ཞིབ་པ་མཱ་ཌ་ཝི་ཨལ་ར་ཤེ་ཌི་ལགས་ཀྱིས། "སོ་ཌི་ཨ་རབ་ཀྱི་རྒྱལ་སྲས་མོ་ཧ་མོ་དྷི་བྷིན་ས་ལེ་མན་གྱིས་ད་ལྟའི་ཆར་སྲིད་འཛིན་ཊམ་གྱི་འཆར་གཞི་དེར་ཁེ་ཕན་གང་ཡང་མཐོང་གི་མི་འདུག། དེ་ནི་གནས་སྟངས་ཛ་དྲག་པོ་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱིས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་འདྲ།" ཞེས་གསུངས་འདུག

ཊམ་གྱི་བྱེད་བབ་ལ་ངོ་རྒོལ་དེའི་ཁྲོད་དུ་རྒྱ་ནག་དང་ཨུ་རུ་སུ་ལྟ་བུའི་ཨ་རིའི་ཁ་གཏད་རྒྱལ་ཁབ་ཚོ་ཡང་ཚུད་ཡོད་པ་རེད། དེ་བཞིན་ཡང་ཇར་མན་དང་། ཧྥ་རན་སི། དབྱིན་ཇི་བཅས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོའང་ཚུད་ཡོད་པ་རེད།

དབྱིན་ཇིའི་སྲིད་བློན་ཁིེར་སི་ཐར་མེར་མཆོག་གིས། "ཁོང་ཚོ་ངེས་པར་དུ་ཕ་ཡུལ་ལ་ལོག་ཏུ་འཇུག་དགོས། ཁོང་ཚོས་ཕ་ཡུལ་བསྐྱར་གསོ་བྱེད་པའི་བརྒྱུད་རིམ་ནང་ལ་ང་ཚོས་རོགས་རམ་བྱས་ཏེ། མཐར་ཐུག་རྒྱལ་ཁབ་གཉིས་ཀྱི་ཐབས་ལམ་དེ་འགྲུབ་ཐུབ་པར་བྱ་དགོས།"ཞེས་གསུངས་འདུག

ཕོ་བྲང་དཀར་པོའི་ངོས་ནས་སྲིད་འཛིན་ཊམ་གྱི་འཆར་གཞི་དེ་ནི་འཕྲལ་སེལ་རིང་ལ་པ་ལེ་སི་ཐན་གྱི་མི་ཚོ་བསྐྱར་དུ་གོ་སྒྲིག་བྱེད་སྟངས་ཤིག་ཡིན་པ་བརྗོད་འདུག་པ་དང་། དེའི་ཐད་ཕོི་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཀ་རོ་ལིན་ལི་ཝིཊ་ལགས་ཀྱིས། "ས་ཆ་དེར་མི་སུ་འདྲ་ཞིག་ཡིན་ཡང་འཚོ་བ་སྐྱེལ་ཐུབ་ས་ཞིག་མ་རེད། ངས་བྱས་ན། མི་ཚོར་ཆ་རྐྱེན་ཤིན་ཏུ་སྐྱོ་པོ་ཡིན་པའི་གནས་ཤིག་ཏུ་འཚོ་གནས་བྱེད་དགོས་ཞེས་བརྗོད་པ་ནི། མ་རབས་ཐ་ཤལ་གྱི་བྱེད་སྟངས་ཤིག་རེད། "ཅེས་གསུངས་འདུག

དེ་བཞིན་ཡང་ཀ་རོ་ལིན་ལི་ཝིཊ་ལགས་ཀྱིས། སྲིད་འཛིན་ཊམ་གྱིས་མ་འོངས་པའི་ཉིན་ཤས་ནང་ཡུལ་གྲུ་དེའི་འགོ་ཁྲིད་ཚོ་དང་བཀའ་མོལ་གནང་རྒྱུ་ཡིན་པ་གསུངས་འདུག་པ་དང་ཆབས་ཅིག་ཨ་རིའི་གྲོང་ཁྱེར་ཁག་ཏུ་ངོ་རྒོལ་བ་རྣམས་འདུ་འཛོམས་ཀྱིས་གྷ་ཛའི་གནད་དོན་སོགས་ཐེ་བའི་ཊམ་གྱི་ལས་དོན་དེ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG