སྤྱི་ལོ་༢༠༢༥ ལོའི་ཟླ་བ་༢ པའི་ཚེས་༡༥ རེས་གཟའ་སྤེན་པའི་ཉིན། རའེ་ཌར་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཌོ་ནལ་ཊམ་གྱི་ཡུག་ཀེ་རན་གྱི་དམིགས་བསལ་སྐུ་ཚབ་ཁལ་ལོ་གྷི་ལགས་ཀྱིས་ཡུ་རོབ་ལ་ཡུག་ཀེ་རན་གྱི་ཞི་བའི་གྲོས་མོལ་ནང་ཆ་ཤས་ལེན་པའི་གོ་སྐབས་མེད་ཅེས་བརྗོད་འདུག།
དེ་སྔོན་ཨ་རིའི་གཞུང་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་འདྲི་ཤོག་བཏང་ནས་ཁོང་ཚོས་ཡུག་ཀེ་རན་གྱི་བདེ་འཇགས་ཐད་ཕན་ཐོགས་གང་ཡོད་སྐོར་རྒྱུས་ལོན་བྱས་ཡོད་ཀྱང་། བདུན་ཕྲག་འདིའི་ནང་ཊམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་ལ་ཁ་པར་བཏང་ནས། ཡུ་རོབ་དང་ཡུག་ཀེ་རན་གཉིས་ལ་གྲོས་བསྡུར་མ་བྱས་པར་འཕྲལ་མར་ཞི་བའི་གྲོས་མོལ་འགོ་འཛུགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས། ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཚོར་ཧ་ལས་ཧང་སངས་སུ་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག།
ཊམ་སྲིད་གཞུང་གི་དཔོན་རིགས་ཚོས་ཀྱང་། ཉེ་ལམ་ནུབ་ཆིངས་ཁོངས་ཀྱི་ཡུ་རོབ་མཐུན་གྲོགས་རྒྱལ་ཁབ་ཚོས་ས་ཁུལ་དེའི་ཐད་འགན་འཁྲི་གཙོ་བོ་འཁུར་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ད་ལྟའི་ཨ་རིའི་དོན་ཆེན་བང་རིམ་སྒྲིག་སྟངས་ནང་ནས་ཨང་དང་ཤོས་དེ་ས་མཚམས་བདེ་འཇགས་དང་རྒྱ་ནག་ལ་ཁ་གཏད་འཇལ་རྒྱུ་དེ་ཡིན་ཞེས་གསལ་སྟོན་བྱས་འདུག།
ཨ་རིའི་བྱ་སྤྱོད་དེས་ཡུ་རོབ་དེ་བཞིན་ཞི་བདེའི་གྲོས་མཐུན་དེ་ལས་ཕྱིར་འབུད་བྱ་སྲིད་པའི་བློ་འཚབ་ཡོང་གི་ཡོད་པ་དང་། ལྷག་པར་དུ་གྲོས་མཐུན་དེ་ཨུ་རུ་སུར་ཁེ་ཕན་ཆེ་དྲགས་པ་ཞིག་ཏུ་ཆགས་པ་ཡིན་ན། དེས་ཡུ་རོབ་ཀྱི་བདེ་འཇགས་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་ངེས་གཏན་ཡིན་པ་རེད།
ཨ་རིའི་སྲིད་འཛིན་ཊམ་གྱི་ཡུག་ཀེ་རན་གྱི་ལས་དོན་ཚན་སྐུ་ཚབ་ཁེལ་ལོ་གྷི་ལགས་ཀྱིས་མུ་ནིག་འཛམ་གླིང་བདེ་འཇགས་ཚོགས་འདུའི་སྟེང་ལ། ཨ་རི་ནི་གྲོས་མོལ་གྱི་བར་འདུམ་བྱེད་མཁན་ཡིན་པ་དང་། ཡུག་ཀེ་རན་དང་ཨུ་རུ་སུ་གཉིས་འཁྲབ་སྟོན་པ་གཙོ་བོ་ཡིན་ཞེས་གསུངས་འདུག།
ཡུ་རོབ་ཀྱི་གཞུང་ཚབ་ཞིག་གིས་བརྗོད་པ་ལྟར་ན། ཨ་རིས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱས་ཏེ། ཁོང་ཚོས་དམག་མི་ག་ཚོད་འགྲེམས་འཇོག་བྱ་འཆར་ཡོད་མེད་སྐད་ཆ་འདྲི་བཞིན་ཡོད་པ་དང་། ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་ཀྱི་དཔོན་རིགས་ཤིག་གིས་རེས་གཟའ་སྤེན་པའི་ཉིན་ལ་གསུངས་པ་ལྟར་ན། ཧྥ་རན་སིས་མཐུན་གྲོགས་ཚོ་དང་མཉམ་དུ་ཡུག་ཀེ་རན་གྱི་གནད་དོན་ཐོག་ཡུ་རོབ་ཀྱི་དབུ་ཁྲིད་ཚོའི་དབར་གཞུང་འབྲེལ་མིན་པའི་ཚོགས་འདུ་ཞིག་འཚོགས་རྒྱུའི་སྐོར་གྲོས་བསྡུར་བྱེད་བཞིན་ཡོད་ཀྱང་། ད་ལྟའི་བར་དུ་ཐག་གཅོད་གང་ཡང་བྱས་ཐུབ་མེད་པ་རེད།
ཕོ་ལན་ཌིའི་ཕྱི་སྲིད་བློན་ཆེན་ར་ཌོ་སི་ལོ་སི་ཁོར་སི་ཁི་ལགས་ཀྱིས་ཚོགས་འདུ་དེ་བཞིན་རེས་གཟའ་ཟླ་བའི་ཉིན་ལ་འཚོག་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མར་ཁི་རུ་ཊི་ལགས་ཀྱིས་ཀྱང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་མཉམ་རུབ་ཀྱི་ཐོག་ནས་ལས་དོན་དེ་བསྒྲུབ་དགོས་པའི་སྐུལ་མ་བཏང་འདུག།
དེ་བཞིན་ཨ་རི་ཐེ་བའི་བཟོ་ལས་འབྱོར་ལྡན་རྒྱལ་ཁབ་བདུན་ཀྱི་ཚོགས་ཁོངས་ཕྱི་སྲིད་བློན་ཆེན་ཚོས་རེས་གཟའ་སྤེན་པའི་ཉིན་ལ་གསལ་བསྒྲགས་ཤིག་སྤེལ་ཏེ། ཡུག་ཀེ་རན་ལ་བདེ་འཇགས་འགན་ལེན་བརྟན་པོ་ཡོད་པ་དང་། རྒྱུན་གནས་ཐུབ་པའི་ཞི་བདེའི་གྲོས་མཐུན་ཞིག་འགྲུབ་ཆེད་མུ་མཐུད་ནས་མཉམ་ལས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། དེས་ཌོ་ནལ་ཊམ་གྱི་དུས་རབས་གསར་པའི་ནང་དུའང་རྒྱལ་སྤྱིའི་མཉམ་ལས་ཚད་ངེས་ཅན་ཞིག་ཡོད་པ་མཚོན་གྱི་ཡོད་པ་རེད།
གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་མ་འོངས་པའི་ཉིན་ཤས་ནང་སོ་དྷི་ཨ་རབ་ནང་ཨུ་རུ་སུ་དང་ཡུག་ཀེ་རན་གྱི་གྲོས་མོལ་སྐུ་ཚབ་ཚོ་དང་མཉམ་དུ་ཞི་བའི་གྲོས་མོལ་འགོ་འཛུགས་བྱ་རྒྱུ་རེད། ཅེས་ཨ་རིའི་གྲོས་ཚོགས་འཐུས་མི་དང་གྲོས་མོལ་གྱི་གྲ་སྒྲིག་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་བརྗོད་འདུག། ཨ་རིའི་སྐུ་ཚབ་མེ་ཁོལ་མེ་ཁོལ་ལགས་ཀྱིས་རའེ་ཌར་སི་གསར་ཁང་ལ་གསུངས་པ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་དང་། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མེ་ཁི་ཝོ་ཚི། ཕོ་བྲང་དཀར་པོའི་དཀྱིལ་ཤར་གྱི་སྐུ་ཚབ་སི་ཐེ་ཝུ་ཝེ་ཊི་ཁོ་ཧྥུ་སོགས་སོ་དྷི་ཨ་རབ་ཏུ་ཕེབས་རྒྱུ་རེད་འདུག།
གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མའེ་ཁོལ་གྱིས་གསུངས་པ་ལྟར་ན། ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ལའང་མགྲོན་བརྡ་ཕུལ་ཡོད་པ་དང་། ཁོང་གིས་གསུངས་དོན་ལྟར་ན། ཚོགས་འདུ་དེའི་དམིགས་ཡུལ་ནི། ཨ་རིའི་སྲིད་འཛིན་ཊམ་དང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིང་། དེ་བཞིན་ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་བཅས་མཇལ་འཕྲད་ཡོང་བར་གོ་སྒྲིག་གིས་མཐར་ཞི་བདེ་བསྐྲུན་ཏེ་དམག་འཁྲུག་མཇུག་སྒྲིལ་བྱ་རྒྱུ་དེ་ཡིན་པ་རེད།
དེ་དང་དུས་མཚུངས་སུ། ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱིས་བརྗོད་དོན་བྱས་ན། ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཨོ་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སེར་གེ་ལབ་རོབ་གཉིས་ཀྱིས་སྤྱི་ཟླ་གཉིས་པའི་ཚེས་༡༥ རེས་གཟའ་སྤེན་པའི་ཉིན་ལ་ཞལ་པར་བརྒྱུད་ནས་བཀའ་མོལ་གནང་ཡོད་པ་དང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཏིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཀྱི་མཇལ་འཕྲད་གྲ་སྒྲིག་ཆེད། འཆར་ཅན་འབྲེལ་བ་རྒྱུན་མཐུད་གནང་རྒྱུར་མོས་མཐུན་བྱུང་འདུག། ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱིས་ད་དུང་ཐེངས་འདིའི་ཞལ་པར་ལམ་ནས་བཀའ་མོལ་བྱུང་བ་དེ་ནི། ཨ་རིའི་ཕྱོགས་ནས་རེ་འདུན་བཏོན་པ་ལྟར་དེ་བཞིན་བྱས་པ་ཞིག་ཡིན་ཞེས་བརྗོད་འདུག།
ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀིས་རེས་གཟའ་སྤེན་པའི་ཉིན་ལ། ཡུག་ཀེ་རན་གྱི་གནས་ཚུལ་ཤེས་རྟོགས་མེད་པའི་གནས་སྟངས་སམ། ཡུག་ཀེ་རན་མཉམ་ཞུགས་མེད་པའི་ཞི་བདེའི་གྲོས་མཐུན་གང་ལའང་དུས་ནམ་ཡང་ངོས་ལེན་བྱ་རྒྱུ་མིན་ཞེས་བརྗོད་འདུག། ཡུག་ཀེ་རན་གྱི་ངོས་ནས་ལན་མང་བརྗོད་པ་ལྟར་ན། ཌོ་ནལ་ཊམ་དང་ཕུ་ཊིང་གཉིས་མཇལ་འཕྲད་མ་གནང་གོང་ལ། ཨ་རི་དང་ཡུ་རོབ་གཉིས་ཀྱིས་མཉམ་དུ་མཉམ་འབྲེལ་གྱི་ཐབས་ཇུས་ཤིག་གཏན་འབེབས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག།
ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀིས་རེས་གཟའ་སྤེན་པའི་ཉིན། ཡུ་རོབ་ལ་ཉེན་ཁ་བཟོ་བའི་གནད་དོན་ཐད་ཨ་རིས་ཡུ་རོབ་ལ་དགག་བྱ་བྱེད་སྲིད་པའི་གནས་སྟངས་དེ་བཞིན་ཡོང་མི་སྲིད་པ་མིན་པས། དེར་བརྟེན་ཡུ་རོབ་ཀྱིས་སོ་སོའི་དམག་དཔུང་ཧྲག་བསྡུས་ཤིག་འཛུགས་དགོས་པའི་འབོད་སྐུལ་གནང་འདུག།
ཁོང་གིས་ནན་བརྗོད་གནང་དོན་དུ། ཨུ་རུ་སུའི་ངོས་ནས་ཉེན་ཁ་རྒྱུན་མཐུད་དུ་ཡོད་པ་དང་། ཨ་རིའི་རྒྱབ་སྐྱོར་ལ་ངེས་གཏན་མེད་པའི་གནས་སྟངས་འོག། ཡུ་རོབ་ཀྱིས་སྲུང་སྐྱོབ་ཐད་རང་ཉིད་ལ་བརྟེན་དགོས་པ་ངེས་གཏན་ཡིན་ཞེས་དང་། ང་ཚོས་ཡུ་རོབ་ཀྱི་དམག་དཔུང་ཞིག་འཛུགས་དགོས་ཀྱི་འདུག། དེ་ལྟར་བྱུང་ན། ཡུ་རོབ་ཀྱི་མ་འོངས་པ་དེ་ཡུ་རོབ་པ་ཚོར་མ་གཏོགས་གཞན་སུས་གཅིག་གིས་ཀྱང་ཐག་གཅོད་བྱ་ཐུབ་ཀྱི་མ་རེད། ཡུ་རོབ་དང་འབྲེལ་བའི་ཐག་གཅོད་རྣམས་ཡུ་རོབ་ནང་ཁུལ་དུ་མ་གཏོགས་གཞན་སུ་གཅིག་གིས་བྱེད་དགོས་ཀྱི་མེད། ཅེས་གསུངས་འདུག།
དེ་དོན་ཕོ་ལན་ཌིའི་སྲིད་བློན་ཌོ་ནལ་ཏུ་སུ་ཁི་ཡིས་རེས་གཟའ་སྤེན་ཉིན་མོར་སྲིད་འཛིན་ཛེ་ལེན་སི་ཀིའི་འབོད་སྐུལ་ལ་རྒྱབ་སྐྱོར་བྱས་པ་ལྟ་བུའི་ཐོག་ནས། ཡུ་རོབ་ཀྱིས་ཡུག་ཀེ་རན་དང་ཡུ་རོབ་ཀྱི་བདེ་འཇགས་དང་འབྲེལ་བའི་འཆར་གཞི་དེ་རང་ཉིད་ཀྱིས་གཏན་འབེབས་བྱེད་དགོས། གལ་ཏེ་དེ་ལྟར་མ་བྱས་ན། ཡུ་རོབ་ཀྱི་མ་འོངས་པ་དེ་རྒྱལ་ཁབ་གཞན་གྱིས་ཐག་གཅོད་བྱ་རྒྱུ་རེད་ཅེས་ནན་བརྗོད་གནང་འདུག།
གླེང་སྟེགས།