ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་།


རྒྱ་གར་གྱི་གྲོང་ཁྱེར་ཧི་དྷ་ར་བྷ་དྷ་ནང་གི་གློ་ནད་སྨན་ཁང་ཞིག
རྒྱ་གར་གྱི་གྲོང་ཁྱེར་ཧི་དྷ་ར་བྷ་དྷ་ནང་གི་གློ་ནད་སྨན་ཁང་ཞིག

༄༅།། །རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་གིས་གསུངས་གསལ་ལ། འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་ནང་གློ་ནད་ཊི་བྷི་སྔོན་འགོག་དང་། ནད་གཞི་དེར་ཚོད་ལྟ་བྱས་པ། ནད་གཞི་ཡོད་མཁན་ཚོར་སྨན་བཅོས་བྱས་པའི་ལག་རྗེས་ལ་བརྟེན་ནས་མི་ས་ཡ་༧༩འི་ཚེ་སྲོག་སྐྱོབ་ཐུབ་ཡོད་པ་དང་། སྔ་ལོ་གཅིག་པུའི་ནང་འགོས་སླ་བའི་ནད་གཞི་དེ་ཡོད་མཁན་ཚོར་སྨན་བཅོས་བྱས་པ་དེས་མི་ས་ཡ༣དང་འབུམ་༦ ཁྲི་༥སྲོག་སྐྱོབ་བྱས་ཐུབ་ཡོད་འདུག

འཕྲོད་བསྟེན་སྨན་བཅོས་ཀྱི་ཐོག་དེ་འདྲའི་གྲུབ་འབྲས་བཟང་པོ་ཐོན་པ་དེ་ གཙོ་ཆེ་བ་ཨ་མི་རི་ཀའི་སྐྱོབ་གསོའི་ལས་ཁང་(USAID)ཡིས་ཡོང་འབབ་དམའ་བའི་ཉམས་ཐག་ཡུལ་ཁག་རྣམས་ལ་རོགས་རམ་སྤྲད་པའི་ལག་རྗེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་རུང་། ཡིན་ན་ཡང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལ་ཊྲམ་གྱིས་ད་རེས་ཉེ་དུས་ཡུལ་དེས་སྤྲད་པའི་སྐྱོབ་གསོའི་རོགས་རམ་དེ་དག་གློ་བུར་དུ་བཅད་གནང་བ་དེས་ཉམས་ཐག་ཡུལ་ཁག་དེ་རྣམས་ཀྱི་མི་མང་ས་ཡ་མང་པོའི་ཚེ་སྲོག་ལ་ཉེན་ཁ་ཡོང་གཞི་ཞིག་ཆགས་ཡོད་འདུག

ནད་གཞི་དེ་སྔོན་འགོག་བྱ་རྒྱུ་སོཌ་ཀྱི་ཆེད་དུ་ཨ་མི་རི་ཀ་ནས་རོགས་རམ་ལེན་མཁན་ཡུལ་ཁག་ཚོས་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་ཕུལ་བའི་སྙན་ཐོ་ལྟར་བྱས་པ་ཡིན་ན་ཨ་རིའི་གཞུང་གིས་ལོ་ལྟར་ཉམས་ཐག་ཡུལ་ཁག་དེ་རྣམས་ཀྱིས་གློ་ནད་ཊི་བྷི་སྔོན་འགོག་དང་སྨན་བཅོས་ཀྱི་ཆེད་དུ་ཨ་མི་རི་ཀས་ལོ་ལྟར་རོགས་རམ་ཌོ་ལར་དུང་ཁྱུར་གཉིས་ནས་དུང་ཁྱུར་གཉིས་དང་ཕྱེད་ཀ་སྤྲད་ཡོད་པ་དང་། ཨ་རིའི་རོགས་རམ་གྱི་བསྡོམས་འབོར་དེ་ནི་དབྱིན་ཡུལ་དང་ཇར་མ་ནི་སོཌ་རྒྱལ་ཁབ་གཞན་པ་ཚང་མས་སྤྲད་པའི་བསྡོམས་འབོར་གྱི་གཞི་ཆ་གཅིག་ཆགས་ཀྱི་ཡོད་འདུག

དེ་ལྟར་ཨ་མི་རི་ཀ་ནི། གློ་ནད་ཊི་བྷི་སྔོན་འགོག་དང་། སྨན་བཅོས་བྱ་རྒྱུར་རོགས་རམ་སྤྲད་མཁན་རྒྱལ་ཁབ་ཤུགས་ཆེ་ཤོས་དེ་ཡིན་པས་ཨ་མི་རི་ཀས་འདི་ལོ་ཕྱི་ལོ་༢༠༢༥འི་ལོར་རོགས་དངུལ་སྤྲད་རྒྱུ་མཚམས་འཇོག་བྱས་པ་དེས་གློ་ནད་སྔོན་འགོག་དང་གློ་ནད་ཀྱི་ནད་པ་ཚོར་སྨན་བཅོས་བྱེད་པའི་ལས་གཞིར་གནོད་སྐྱོན་ཤུགས་ཆེ་ཡོང་ཉེན་ཡོད་པ་དང་། སྐྱོབ་གསོའི་རོགས་རམ་རག་མཁན་མངའ་ཁུལ་ལྟེ་བའི་གྲལ་ལ་ཨཱཕ་རི་ཀའི་ཡུལ་ཁག་དང་། ཤར་ལྷོ་ཨེ་ཤི་ཡ་དང་། ཞི་བའི་རྒྱ་མཚོའི་ནུབ་ཁུལ་གྱི་མཚོ་གླིང་ཡུལ་ཁག་རྣམས་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་གློ་ནད་ཊི་བྷིའི་ལས་གཞིའི་དབུ་འཛིན་ཨེམ་ཇི་ཏེ་རེ་ཛ་ཀ་སེ་ཝ་ཡིས་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས་ གློ་ནད་ཊི་བྷིའི་སྲི་ཞུ་ལས་དོན་གྱི་ཐོག་དཔལ་འབྱོར་དང་། ཆབ་སྲིད། འཛིན་སྐྱོང་གི་འགོག་རྐྱེན་བར་ཆད་གང་འདྲ་སེ་བྱུང་རུང་། དེའི་ཤུགས་རྐྱེན་ངན་པ་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཡོང་གི་རེད། དཔེར་ན་ཕྱི་ལོ་༢༠༢༠ནས་༢༠༢༣བར་ཏོག་དབྱིབས་ནད་རིམས་བྱུང་བ་དེས་གློ་ནད་ཊི་བྷིའི་སྲི་ཞུ་ལས་དོན་ལ་འགོག་རྐྱེན་བྱུང་སྟེ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་གློ་ནད་ཊི་བྷིའི་ནད་གཞིའི་རྐྱེན་པས་མི་བདུན་འབུམ་ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་དང་། ཨ་རིས་རོགས་རམ་སྤྲད་རྒྱུ་མཚམས་འཇོག་བྱས་པ་དེའི་ཚབ་ཏུ་དགོས་ངེས་ཀྱི་ལས་ཐབས་ལག་བསྟར་མ་བྱས་པ་ཡིན་ན་གློ་ནད་ཊི་བྷི་ལ་འཐབ་འཛིངས་བྱ་རྒྱུར་ང་ཚོར་ད་བར་སོན་པའི་ཡར་རྒྱས་གྲུབ་འབྲས་གང་སོན་ཡོད་པ་དེ་ཚོ་རྐང་རྗེས་ལག་བསུབ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་གསུངས་འདུག

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ལོ་༢༠༢༧དང་། ཕྱི་ལོ་༢༠༣༠འི་མཚམས་ལ་འཛམ་གླིང་ནང་གློ་ནད་ཊི་བྷི་རྩ་མེད་བཟོ་རྒྱུར་དམིགས་པའི་ལས་འགུལ་གྱི་སྣེ་འཁྲིད་གནང་གི་ཡོད་པ་དང་། གློ་ནད་ཊི་བྷི་ཁྱབ་འཕེལ་ཆེ་བའི་ཡུལ་ཁག་༣༠ནས་འབྱོར་བའི་གནས་ཚུལ་ལྟར་བྱས་ན་ཨ་མི་རི་ཀས་སྐྱོབ་གསོའི་རོགས་རམ་སྤྲད་རྒྱུ་བར་མཚམས་བཞག་པ་དེས་ནད་གཞི་དེའི་ཐོག་ལས་ཀ་བྱེད་མཁན་ལས་བྱེད་སྟོང་ཕྲག་མང་པོ་ཕྱིར་འབུད་བྱས་པ་དང་འཕྲོད་བསྟེན་གྱི་སྨན་རག་གི་མེད་པ་སོཌ་ཀྱི་རྐྱེན་གྱིས་གློ་ནད་ཊི་བྷི་རྩ་མེད་བཟོ་བའི་ལས་འགུལ་ལ་འགོག་རྐྱེན་བཟོ་གི་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད་འདུག

གླེང་སྟེགས།

XS
SM
MD
LG