ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༦/༡༦

ཡུ་རོབ་ཀྱི་འགོ་ཁྲིད་ཚོ་ཡུཀ་རེན་གྱི་སྲུང་སྐྱོབ་ཐད་ཛ་དྲག་གི་ཚོགས་འདུ་ཚོགས།


ཕྱི་ཟླ་༢་པའི་ཚེས་༡༢་ཉིན་ཚོགས་པའི་ཡུ་རོབ་ཀྱི་ཕྱི་སྲིད་བློན་ཆེན་ཚོའི་ཡུཀ་རེན་གྱི་བདེ་འཇགས་ཚོགས་འདུ།
ཕྱི་ཟླ་༢་པའི་ཚེས་༡༢་ཉིན་ཚོགས་པའི་ཡུ་རོབ་ཀྱི་ཕྱི་སྲིད་བློན་ཆེན་ཚོའི་ཡུཀ་རེན་གྱི་བདེ་འཇགས་ཚོགས་འདུ།

༄༅།། སྲིད་འཛིན་ཊམ་དང་ཕུ་ཊིན་གཉིས་ཨ་རི་དང་ར་ཤི་ཡས་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་བྱ་རྒྱུའི་གྲོས་མོལ་བྱུང་། ཡུཀ་རེན་དང་ཡུ་རོབ་གཉིས་གྲོས་མོལ་དེར་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་མིན་པས་ཡུ་རོབ་ཀྱི་འགོ་ཁྲིད་ཚོ་ཛ་དྲག་གི་ཚོགས་འདུ་ཚོགས་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༡༧་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་སྤེལ་བ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་བསྐོངས་པའི་ཚོགས་འདུ་དེར་དབྱིན་ཇི་དང་འཇར་མན་ཎི། ཨི་ཊ་ལི་དང་པོ་ལན་ཌི། སི་པེན་དང་ནེ་དྷར་ལན་ཌི། ཌན་མག་དང་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ། ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཁག་ལ་སོགས་པ་མཉམ་ཞུགས་བྱས་འདུག སི་པེན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཕེ་སི་རིའི་ཚོགས་འདུའི་ཐོག་ཏུ་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་བྱ་དགའ་སྤྲོད་ཀྱི་ཡོད་པ་འགོག་ཐབས་བྱེད་ཀྱི་ཡོད་པ་རེད། བཙན་འཛུལ་ལ་བྱ་དགའ་སྤྲོད་མི་རུང་བ་དང་རྒྱབ་སྐྱོར་ཡང་བྱེད་མི་ཉན། ཕུ་ཊིན་གྱིས་སྔར་བཞིན་ཡུཀ་རེན་ལ་རྒོལ་རྡུང་བྱ་རྒྱུ་ཡིན་པས་ཞི་བདེ་བསྐྲུན་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྒྲགས།།

སྲིད་འཛིན་ཊམ་དང་ཕུ་ཊིན་གྱི་གྲོས་མོལ།
སྲིད་འཛིན་ཊམ་དང་ཕུ་ཊིན་གྱི་གྲོས་མོལ།

དབྱིན་ཇི་ཚུད་པའི་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཡུཀ་རེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་བླངས། སྲིད་བློན་སི་ཊར་མེར་གྱིས་དམག་འཁྲུག་གི་རྗེས་སུ་ཡུཀ་རེན་ལ་དབྱིན་ཇིའི་ཞི་བདེ་སྲུང་དམག་གཏང་རྒྱུའི་གྲ་སྒྲིག་ཡོད། ང་ཚོར་འགན་འཁྲི་ཡོད་པ་དང་དབྱིན་ཇིའི་དམག་དཔུང་མ་བཏང་ཐབས་མེད་དུ་འགྱུར་ས་རེད་ཅེས་གླེང་། སུད་ཌེན་གྱི་སྲིད་བློན་ནས་ཀྱང་ཡུཀ་རེན་ལ་ཞི་བདེ་སྲུང་དམག་གཏང་རྒྱུའི་བསམ་ཞིབ་བྱེད་ཆོག་ཟེར། ཡུ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་ཨན་ཊོ་ནི་ཡོ་ཀོ་སི་ཊས་བདུན་ཕྲག་སྔོན་མར་འཇར་མན་གྱི་མིའུ་ནིག་གྲོང་ཁྱེར་དུ་ཚོགས་པའི་བདེ་འཇགས་ཚོགས་འདུའི་མཇུག་འབྲས་ལ་གཞིགས་ཚེ། ཡུཀ་རེན་དང་ཡུ་རོབ་མཉམ་འབྲེལ་གྱི་བདེ་འཇགས་སྲུང་སྐྱོབ་ལོགས་སུ་དགར་ཐབས་མེད་པ་ངོ་འཕྲོད་སོང་། གྲོས་མོལ་དེར་ཡུ་རོབ་མཉམ་འབྲེལ་དང་ཡུཀ་རེན་གཉིས་མཉམ་ཞུགས་བྱེད་དུ་མ་བཅུག་པར་གྲོས་མོལ་གྲུབ་འབྲས་ལྡན་པ་དང་ཡུན་བརྟན་གྱི་ཞི་བདེ་ཞིག་བསྐྲུན་མི་ཐུབ་པ་གསལ་པོ་རེད་ཅེས་ནན་གྱིས་བརྗོད།།

ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ།
ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ།

དེ་རིང་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་དང་རྒྱལ་སྲུང་སློབ་སྟོན་པ་མེཀ་ཝོལ་ཛི། དཀྱིལ་ཤར་ས་ཁུལ་གྱི་དམིགས་བསལ་སྐུ་ཚབ་སི་ཊིབ་ཝི་ཏ་ཀོབ་གསུམ་སོ་ཌི་ཨ་རེ་བྷི་ཡར་འབྱོར། ཁོ་ཚོས་གཟའ་མིག་དམར་ཉིན་ར་ཤི་ཡའི་ཕྱི་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་སྟེ། ར་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་ཝ་རོབ་དང་ཕུ་ཊིན་གྱི་ཕྱི་སྲིད་བློན་སྟོན་པ་ཡུ་རི་ཨུ་ཤ་ཀོབ་གཉིས་སོ་ཌི་ཨ་རེ་བྷི་ཡར་གྲོས་མོལ་དུ་བསྐྱོད་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་ཡིས་ཞི་བའི་གྲོས་མོལ་དེ་ཐུག་འཕྲད་ཐེངས་གཅིག་བྱས་ནས་ཐག་གཅོད་ཐུབ་པ་ཞིག་ག་ལ་ཡིན། ང་ཚོས་མ་འོངས་པའི་ཉིན་ཤས་དང་བདུན་ཕྲག་འགའ་ཞིག་གི་ནང་ཚུད་དུ་ཕུ་ཊིན་ལ་ངོ་མར་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་དུ་འཇུག་འདོད་ཡོད་མེད། གྲོས་མོལ་དེ་དྲང་སྙོམས་དང་གཏན་དུ་གནས་པའི་ཞི་བདེ་ཞིག་བསྐྲུན་ཐུབ་མིན་ཤེས་ཀྱི་རེད་ཅེས་གསར་འགོད་པར་ལན་བཏབ།།

སྲིད་འཛིན་ཛེ་ལན་སི་ཀི།
སྲིད་འཛིན་ཛེ་ལན་སི་ཀི།

ཁ་སང་གཟའ་ཉི་མའི་ཉིན་ཨ་རིའི་ཨེན་བྷི་སི་གསར་ཁང་གིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་བཅར་འདྲི་ཞུས། ཁོང་གིས་ཨ་རི་དང་ར་ཤི་ཡ་གཉིས་ཀྱིས་ཐག་གཅོད་ཅི་ཞིག་བྱས་ཀྱང་ང་ཚོས་དེ་ལ་ནམ་ཡང་མོས་མཐུན་བྱེད་མི་སྲིད། དམག་འཁྲུག་དེ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལངས་པ་དང་འགྲོ་བ་མིའི་ཚེ་སྲོག་གྲངས་མེད་ཤོར་ཡོད་པ་རེད། ངས་སྲིད་འཛིན་ཊམ་ལ་ཕུ་ཊིན་གྱིས་ཞི་བདེ་དགོས་ཟེར་གྱི་ཡོད་པ་ནི་རྫུན་ཁོ་ན་རེད། ཁོ་ལ་ཞི་བདེ་དགོས་ཀྱི་མ་རེད། ཡུཀ་རེན་ལ་ཨ་མི་རི་ཀའི་རྒྱབ་སྐྱོར་མེད་པར་ར་ཤི་ཡར་དམག་བརྒྱབ་ནས་ཕམ་ཐུབ་རྒྱུ་ཤིན་ཏུ་དཀའ། ཨ་རིའི་རྒྱབ་སྐྱོར་མེད་པར་ཡུཀ་རེན་འཚོ་གནས་ཐུབ་རྒྱུ་ཡང་ཁག་པོ་ཡིན་པ་བཤད་ཡོད་ཅེས་བསྟན། ཡུཀ་རེན་གྱི་རྒྱབ་སྐྱོར་བ་གཙོ་བོ་ཨ་མི་རི་ཀ་ཡིན་རུང་ཌོ་ནལ་ཊམ་གྱིས་མཚོན་ཆ་དང་དམག་དོན་རོགས་དངུལ་བཅད། ར་ཤི་ཡས་༢༠༡༤་ནས་བཟུང་སྟེ་ཡུཀ་རེན་གྱི་ས་ཆ་བརྒྱ་ཆ་༢༠་ཕྲོགས།།

ཕྱི་ཟླ་༢་པའི་ཚེས་༡༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དུས་སུ་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་སྐད་ཆ་ལན་མང་བཤད་ཀྱང་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་བདེན་པར་མ་བརྩིས། བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་གཞོན་པ་ཇཱེ་ཌི་ཝན་སི་དང་རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐེ་གཉིས་ཡུ་རོབ་ལ་ཚོགས་པའི་བདེ་འཇགས་ཚོགས་འདུར་ཞུགས་ནས་མཐུན་གྲོགས་རྙིང་པ་ཚོར་བཀའ་བཀྱོན་ཕབ། ཨ་མི་རི་ཀས་ར་ཤི་ཡར་འབྲེལ་བ་ཡག་ཏུ་གཏང་རྒྱུའི་རྣམ་འགྱུར་གསལ་པོ་བསྟན་པས་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཨ་མི་རི་ཀར་བསྙེས་ན་བརྟན་པོ་མིན་པའི་ངེས་ཤེས་རྙེད། ཡུ་རོབ་ཀྱི་འགོ་ཁྲིད་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རིག་པ་བསྒྲིམ་དགོས་པའི་དུས་སུ་བསླེབས། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཨ་རིས་ཡུ་རོབ་ལ་མཉམ་འབྲེལ་བྱ་རྒྱུ་མིན་པའི་འཇིགས་སྐུལ་དང་སྐྱོན་བརྗོད་བྱས་ནས་གཡོ་འཁྲུག་ཆེན་པོ་ཐེབས་སོང་ཞེས་བཀྲལ།།

འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷོག
འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷོག

འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷོག་གིས་ཡུ་རོབ་ཆགས་འཇིག་གི་དུས་སུ་བསླེབས་པ་རེད། ཡུ་རོབ་རང་གི་རྐང་པའི་ཐོག་ཏུ་ལང་ཐབས་བྱ་དགོས་ཞེས་ནན་གྱིས་བསྐུལ། འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ནས་ཨ་རི་དང་ཡུ་རོབ་གཉིས་དཔུང་པ་མཉམ་གཤིབ་བྱས་ནས་གྲང་དམག་གི་དུས་སུ་ཨུ་རུ་སུ་དམར་ཤོག་ལ་ཁ་གཏད་བཅག འདས་པའི་ལོ་མང་རིང་ཨ་མི་རི་ཀས་ཡུ་རོབ་རྒྱལ་ཁབ་ཁག་དང་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་འདང་ངེས་ཤིག་གཏོང་གི་མི་འདུག་ཅེས་འཁང་ར་བཤད་ཀྱང་དོན་ཕན་མ་བྱུང་། ཧྥ་རན་སིའི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་མེཀ་རོན་གྱིས་བསྐོངས་པའི་ཛ་དྲག་གི་ཚོགས་འདུ་དེ་ཡུ་རོབ་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་རྣམ་འགྱུར་སྟོན་ཐབས་ཤིག་ཡིན། པྲོག་དབྱིབས་ནད་ཡམས་སྐབས་སུ་ཡུ་རོབ་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱུང་བ་ལྟར་དེང་སྐབས་སླར་ཡང་གཅིག་སྒྲིལ་འབྱུང་གི་འདུག་ཅེས་བཤད།།

ཡུ་རོབ་རྒྱལ་ཁབ་ཁག་གིས་དེང་རབས་ཅན་གྱི་མཚོན་ཆ་བཟོ་སྐྲུན་བྱས་ནས་འཐབ་འཁྲུག་གི་ནུས་པ་ལྡན་པའི་དམག་དཔུང་ཞིག་འཛུགས་པར་ལོ་མང་འགོར་རྒྱུ་ཡིན་པས་ཨ་མི་རི་ཀར་འབྲེལ་བ་གཅོད་མི་ཐུབ། ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཡུ་རོབ་རྒྱལ་ཁབ་ཁག་གིས་འགན་ཁུར་ཆེ་ཙམ་ལེན་དགོས་པར་ལྟ་ཚུལ་གཅིག་ཏུ་མཐུན། ཡིན་ནའང་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༣་དམག་དོན་ལ་འགྲོ་གྲོན་གཏང་དགོས་པ་དེ་ཇི་ལྟར་སྒྲུབ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཨ་རིའི་གཞུང་གིས་རྒྱལ་ཡོངས་ཐོན་སྐྱེད་ཀྱི་རྩ་འབོར་བརྒྱ་ཆ་༥་དམག་དོན་ལ་འགྲོ་གྲོན་གཏང་དགོས་པའི་གྲོས་གཞི་བཏོན། ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཧྥ་རན་སིའི་སྲིད་འཛིན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་ཚོ་བདམས་གཡེས་བྱས་ནས་ཚོགས་འདུར་མགྲོན་འབོད་བྱས་འདུག རྒྱལ་ཁབ་༢༧་ཡོད་པའི་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚང་མ་ཚོགས་འདུར་མགྲོན་འབོད་བྱས་མི་འདུག་ཅེས་ཡི་རང་མ་བྱུང་བའི་རྣམས་འགྱུར་ཞིག་ཐོན།།

དབྱིན་ཇིའི་སྲིད་བློན།
དབྱིན་ཇིའི་སྲིད་བློན།

ཕྱི་ཟླ་༢་པའི་ཚེས་༡༧་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་སྤེན་པའི་ཉིན་སྲིད་འཛིན་ཊམ་གྱིས་བསྐོས་པའི་ཡུཀ་རེན་གྱི་དམིགས་བསལ་སྐུ་ཚབ་ཁེ་ཐེ་ཁེ་ལཱོག་གིས་དམག་འཁྲུག་ཐག་གཅོད་ཀྱི་གྲོས་མོལ་ལ་ཡུ་རོབ་མགྲོན་འབོད་བྱ་རྒྱུ་མིན། ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་ལེགས་སྐྱེས་ཅི་ཞིག་འབུལ་ཐུབ་ཀྱི་འདུག་ཅེས་དྲིས། ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་ཀྱི་ལས་སྣེ་ཞིག་གིས་ཡུ་རོབ་མཉམ་འབྲེལ་གྱིས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་འཁྲི་ཅི་ཙམ་ལེན་ཐུབ་མིན་དང་ཨ་མི་རི་ཀར་ལན་འདེབས་ཇི་ལྟར་བྱེད་དགོས་མིན་ལ་གྲོས་སྡུར་བྱེད་ཀྱི་ཡོད་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། བདུན་ཕྲག་རྗེས་མར་དབྱིན་ཇི་སྲིད་བློན་ཨ་རིར་ཕེབས་ནས་སྲིད་འཛིན་ཊམ་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པར་མ་ཟད། དབྱིན་ཇིའི་གཞུང་གིས་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་ཁུར་ཆེ་ཙམ་ལེན་ཆོག ཡུཀ་རེན་གྱི་དམག་འཁྲུག་འདི་མི་རབས་གཅིག་གི་ནང་དུ་བྱུང་བའི་ཚབས་ཆེའི་གནས་ཚུལ་ཞིག་རེད། ཨ་རི་དང་ཡུ་རོབ་གཉིས་མཉམ་འབྲེལ་དམ་ཟབ་བྱ་དགོས་པའི་གྲོས་མོལ་བྱ་འཆར་ཡོད་པའི་གསར་འགྱུར་ཐོན་འདུག

གླེང་སྟེགས།

XS
SM
MD
LG