ཡུ་རོབ་གྲོས་ཚོགས་སུ་འཐུས་མི་གསར་བ་ཡོང་གི་ཡོད་པས་བོད་དོན་རྒྱབ་སྐྱོར་འཚོལ་བར་གདོང་ལེན་གསར་བ་ཞིག་ཆགས་ཡོད་ཅིང་། གཞོན་པ་ཚོར་མགོ་ནས་བོད་དོན་ངོ་སྤྲོད་ཞུ་དགོས་པ་སོགས་ལས་ད་ལྟ་ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ་དང་སྦྲགས་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་འཐུས་མི་ཇེ་མང་གཏོང་རྒྱུར་འབད་བརྩོན་གནང་འཆར་ཡོད་པ་རེད།
ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༡༦་དང་ཆབ་སྲིད་ཚོགས་པ་ལྔ་ནས་འཐུས་མི་ཉི་ཤུ་ལྷག་གི་རྒྱབ་སྐྱོར་འོག་ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་ཡོད་འདུག་ལ། ཡུ་རོབ་བྷེར་ཟལ་བོད་ཀྱི་སྐུ་ཚབ་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དེའི་སྐོར་གསལ་བཤད་གནང་སྐབས། ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཞེས་ན། འདིའི་སྔོན་གྱི་དེ་རྒྱབ་སྐྱོར་མེད་པར་ཉམས་སོང་བ་ལྟ་བུ་མ་ཡིན་པར། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱེད་ཐེངས་རེར་འཐུས་མི་གསར་བ་ཕེབས་བཞིན་པ་སོགས་ཀྱིས་བསྐྱར་དུ་རྒྱབ་སྐྱོར་ཚོགས་པ་འཛུགས་དགོས་པ་དེ་སྔོན་མ་ནས་ལམ་སྲོལ་ལྟ་བུ་ཆགས་ཡོད་ལ། ད་ལྟ་ཡང་སྔར་ལོ་ཡུ་རོབ་གྲོས་ཚོགས་སུ་འཐུས་མི་གསར་འདེབས་བྱུང་བ་ལྟར་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་ངང་མཛད་སྒོ་ཞིག་འཚོགས་ཡོད་ཅེས་བསུང་སོང་།
ཡུ་རོབ་གྲོས་ཚོགས་སུ་ལོ་ལྔ་རེར་འོས་བསྡུ་ཐེངས་རེར་བྱེད་བཞིན་པ་ལྟར་འོས་བསྡུ་བྱེད་ཐེངས་རེར་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་སླར་གསོ་ཞུ་བཞིན་པ་རེད། སྤྱི་ལོ་༡༩༨༩་ལོ་ནས་༢༠༡༤་བར་དུ་ཡུ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་མིང་ལ་(The Tibet Intergroup of the European Parliament) ཞེས་བཏགས་ཡོད་ལ། སྤྱི་ལོ་༢༠༡༤་ལོ་ནས་(Tibet Interest Group) ཞེས་མིང་བཏགས་ཡོད། དེ་ནས་ད་ལྟ་(European Parliament’s Friends of Tibet) ཞེས་བཏགས་ཡོད་འདུག ཡུ་རོབ་བྲོས་ཚོགས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མིང་གཅིག་རྒྱུན་གནས་བྱས་མ་ཐུབ་པར། ལོ་ངོ་༣༦་རྗེས་སུ་ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་མིང་ལ་འགྱུར་བ་ཐེབས་དོན་ཅི་ཡིན་སྐོར་བཀའ་འདྲི་ཞུས་སྐབས་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། སྤྱི་ལོ་༡༩༨༩་ལོ་ནས་བཙུགས་པའི་(The Tibet Intergroup of the European Parliament) འདི་སླར་གསོ་བྱེད་པར་པང་རིམ་མང་པོ་ཞིག་འགྲོ་དགོས། དེའི་ནང་ལ་ཡུ་རོབ་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པ་གསུམ་གྱིས་རྒྱབ་སྐྱོར་ཐོབ་དགོས། སྤྱི་ལོ་༢༠༡༤་ལོར་ཆབ་སྲིད་ཚོགས་པ་གསུམ་གྱིས་རྒྱབ་སྐྱོར་མ་ཐོབ་ཙང་སྤྱི་ལོ་༢༠༡༤་ལོ་ནས་(Tibet Interest Group) ཞེས་མིང་འདི་བྱུང་བ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་མིང་ཙམ་འགྱུར་བ་སོང་བ་མ་གཏོགས། ཕྱག་ལས་གནང་སྟངས་དང་ཚོགས་པའི་ངོ་བོ་སོགས་རང་འཇགས་ཡིན་པའི་སྐོར་དང་གྲོས་ཚོགས་སུ་འགྱུར་བ་མང་པོ་ཐེབས་བཞིན་པ་དང་རྒྱ་ནག་གི་གནོན་ཤུགས་ཡོད་པ་བཅས་ཕྱོགས་མང་པོ་ཞིག་ནས་འགྱུར་བ་རེ་བྱུང་བཞིན་པ་བདེན་ཡང་། འདི་ནི་ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ལ་ཉམས་རྒུད་དུ་སོང་བར་ངོས་འཛིན་ཞུ་བཞིན་མེད་པ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུང་སོང་ལ། དཔེར་ན་ཟླ་གཅིག་རེ་ནང་ལ་ཚོགས་པའི་ཚོགས་མི་ཚོ་ཚོགས་འདུ་རེ་འཚོགས་ཏེ་བོད་ནང་གི་གནས་སྟངས་གསར་བ་དང་གནས་སྟངས་དེ་དག་དང་འབྲེལ་བའི་ལས་འགུལ་ཅི་སྤེལ་སོགས་ཀྱི་ཐད་ལ་བཀའ་སྡུར་གནང་གི་ཡོད་ཅིང་། རྡ་རམ་ས་ལ་ནས་མཛད་གཙོ་རྣམ་པ་ཕེབས་སྐབས་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་དང་བཀའ་བསྡུར་གནང་རྒྱུ་གཙོས་པའི་ཕྱག་ལས་རྣམས་རང་འཇགས་གནས་རྒྱུ་ཡིན་པ་རེད།
ཡུ་རོབ་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་བོ་ལགས་ཀྱིས་དེའི་སྐོར་ངོ་སྤྲོད་གནང་སྐབས། ཡུ་རོབ་ཏུ་གནས་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གསུམ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ནུས་པ་བཏོན་ནས་ཡུ་རོབ་ཏུ་བོད་དོན་མཛའ་འབྲེལ་ཚོགས་པ་ཞིག་འཛུགས་ཐུབ་ཡོད་པ་དང་། དེ་ཡང་ཡུ་རོབ་གྲོས་ཚོགས་འཐུས་མི་འོས་འདེམས་མ་བྱེད་པའི་སྔོན་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་ཁབ་སོ་སོའི་ནང་གི་འཐུས་མི་ཚོར་བོད་དོན་ལ་རྒྱབ་སྐྱོར་བྱེད་ཐུབ་མིན་རྩད་གཅོད་སྐབས་སུ། འོས་མི་བརྒྱ་ལྷག་གིས་བོད་དོན་རྒྱབ་སྐྱོར་ལ་མོས་མཐུན་བྱུང་བ་དང་། འོས་མི་དེ་ཚོའི་ནང་ནས་འོས་མི་༣༠་ལྷག་འདེམས་ཐོན་བྱུང་བ་ལྟར། ཚོགས་པ་བཙུགས་པའི་སྐབས་སུ་འཐུས་མི་༢༠་ལྷག་གིས་མཛའ་འབྲེལ་ཚོགས་པ་དེའི་ནང་དུ་རྒྱབ་སྐྱོར་བྱེད་ཡོད་པ་འདི་ནི་མཉམ་རུབ་ཀྱིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཤིག་ཡིན་པ་གསུང་སོང་།
ཡང་དབང་བོ་བཀྲས་མཐོང་ལགས་ཀྱིས། ད་ལྟའི་བར་ཡུ་རོབ་གྲོས་ཚོགས་(European Parliament)དང་ཡུ་རོབ་ལྷན་ཚོགས་(The European Council ) སོགས་ཀྱིས་བོད་དང་འབྲེལ་བའི་གྲོས་ཆོད་རིགས་བརྒྱ་ལྷག་བཞག་ཡོད་པ་ཕལ་ཆེ་ཤོས་དེ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཆགས་ཡོད། འདི་འདྲའི་རིགས་མུ་མཐུད་ནས་ཡོང་བའི་རེ་བ་ཞིག་འདུག འདི་འདྲ་ཡོང་བ་ཡིན་ན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་མིན་པར། བོད་པའི་རྩ་དོན་སྒང་ལ་འགྱུར་བ་ཞིག་འགྲོ་དགོས་ན་དཀའ་ལས་ལྷག་མ་ཞིག་བརྒྱབ་ན་མ་གཏོགས་ཡོང་རྒྱུ་མེད་པ་གསལ་བོ་རེད། རྨང་གཞི་དེ་ཡུ་རོབ་གྲོས་ཚོགས་ཆགས་ཡོད་དུས་རྒྱལ་ཁབ་སོ་སོའི་ནང་དུ་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པ་དེ་རྨང་གཞི་རེད་ལ། ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་སྟངས་དེ་མ་འདྲ་བ་ཞིག་ཡོད་དུས་བྷེར་ཟལ་གྱི་སི་ཌ་སི་སྤག་གི་གྲོས་ཚོགས་དང་འཛིན་སྐྱོང་དུ་སྐད་ཆ་བཤད་དགོས་པ་དང་མཉམ་དུ། ལུང་བ་སོ་སོའི་ནང་དུ་སྐད་ཆ་བཤད་དགོས་པ་དང་འབྲེལ་བ་བྱེད་དགོས། ཕྱོགས་ཡོངས་ནས་དཀའ་ལས་རྒྱག་དགོས་པ་ཞིག་རེད། དེ་ལ་བོད་གཞུང་གིས་སྣེ་ཁྲིད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ལ། ཡང་བོད་གཞུང་གཅིག་པུས་གནང་ཐུབ་པ་ཞིག་ཀྱང་མ་རེད། ས་གནས་ས་ཐོག་ཏུ་ཡོད་པའི་རྒྱབ་སྐྱོར་བ་རྙིང་བ་སོགས་ཚང་མར་ཕན་ཚུན་འབྲེལ་བ་བྱེད་པའི་ཐོག་ནས་འཆར་གཞི་ཞིག་འོག་ནས་ལས་ཀ་བྱེད་དགོས་པ་ཆགས་ཀི་ཡོད། ད་ལྟའི་ཆར་ང་ཚོས་ཞིབ་འཇུག་བྱེད་པའི་སྐབས་སུ་སྐྱབས་བཅོལ་བའི་སྤྱི་ཚོགས་སུ་ལས་ཀ་བྱེད་སྐབས། འཆར་གཞི་ཉུང་དྲགས་པ་དང་སྐབས་མཚམས་སྐབས་མཚམས་སུ་མགྱོགས་པོ་མགྱོགས་པོ་བྱེད་རྒྱུ་མང་དྲགས་པ། ཕུགས་རྒྱང་ཡོད་པའི་ལས་གཞི་ཉུང་དྲག་པའི་བསམ་ཚུལ་ཡོང་གི་ཡོད་པས། དེ་འདྲ་ཡིན་དུས། དེའི་ཐོག་ལ་གཞུང་འབྲེལ་མིན་པའི་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཚང་མས་དཀའ་ལས་ཤིག་བརྒྱབ་པ་ཡིན་ན། གཞུང་གིས་ཡིན་ཡང་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་ལ་འགྱུར་བ་ཞིག་བཏང་། ཏན་ཏན་རིམ་པས་ཡར་རྒྱས་འགྲོ་གི་རེད་བསམ་གི་འདུག་ཅེས་གསུང་སོང་།
ཡང་བྷེལ་ཟལ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བརྗོད་དོན་བྱེད་ན། སྤྱི་ལོ་༢༠༡༤་ལོའི་སྔོན་དུ་ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་བ་འཐུས་མི་བརྒྱ་ལྷག་ཡོད་པ་སོགས་བོད་དོན་རྒྱབ་སྐྱོར་བ་མང་པོ་ཡོད་ཀྱང་། ད་ལྟའི་དུས་ཚོད་ལ་སྐབས་དེ་དུས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་མི་ཐོག་བརྗེ་བཞིན་པ་དང་མི་ཐོག་གསར་བ་ཕེབས་བཞིན་པ་ལྟར། བོད་དོན་སྐོར་ལ་མགོ་ནས་ངོ་སྤྲོད་ཞུ་དགོས་པ་ཆགས་བཞིན་པ་བཅས་ལས། ཡུ་རོབ་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་ཇེ་མང་དུ་གཏོང་རྒྱུ་ནི་ད་ལྟའི་ཡུ་རོབ་གྲོས་ཚོགས་སུ་བཙུགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཚུང་དེའི་དམིགས་ཡུལ་གཙོ་བོ་ཡིན་པ་རེད།
ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་ཐེངས་བཅུ་བ་དེ་སྤྱི་ལོ་༢༠༢༤་ལོའི་ཟླ་༧་ཚེས་༦་ནས་༩་བར་གནང་ཡོད་ཅིང་རྒྱལ་ཁབ་༢༧་ནས་འཐུས་མི་༧༢༠་འདེམས་ཐོན་བྱུང་ཡོད་ཅིང་། འདི་ནི་འཛམ་གླིང་གི་དམངས་གཙོའི་འོས་བསྡུའི་ཁྲོད་ཀྱི་འོས་བསྡུ་ཆེ་ཤོས་གཉིས་པ་དེ་ཡིན་པ་དང་། མི་གྲངས་ས་ཡ་༣༧༥་འོས་ཤོག་འཕེན་པའི་ཆ་ཤས་བཞེས་ཡོད་པ་རེད།
གླེང་སྟེགས།